བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གཅིག་པ།

ཕྱི་ཚེས་༡༤ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གཅིག་པ་ཡིན། ཉིན་འདིར་སུད་སུ་རྒྱལ་ས་ Bern ནས་གྲོང་ཁྱེར། Fribourg བར་སྤྱི་ལེ་ ༢༣ ལ་གོམ་བགྲོད་གནང་། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས། ༣༨ དང་། བུད་མེད་ ༡༦ བཅས་ཁྱོན་གྲངས་ ༥༤ ཡོད་ཅིང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་མ་ཟིན་ཙམ་འགྲེམས་སྤེལ་གནང་ཐུབ་ཡོད།

དེ་རིང་ས་གནས་ Bern ཚོགས་ཆུང་གིས་ངོས་ནས་གོམ་བགྲོད་པ་རྣམས་ལ་ཞོགས་ཇ་གྲ་སྒྲིག་གནང་བར་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་དང་གོམ་བགྲོད་པ་རྣམས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། གྲོང་ཁྱེར་ Fribourg ནང་སླེབས་སྐབས་ས་གནས་དེར་གནས་སྡོད་བོད་རིགས་ཚོས་ཆབ་མངར་དང་མཇལ་དར་སོགས་བཟུང་ནས་གོམ་བགྲོད་པ་རྣམས་ཞག་སྡོད་གནང་སའི་མགྲོན་ཁང་ནང་ཆེད་བཅར་གནང་བ་དང་། རྩ་བའི་ཆ་ནས་ས་གནས་འདིར་བོད་རིགས་ཚོགས་ཆུང་མེད་ཀྱང་ཁོང་ཚོས་དང་བླངས་ཐོག་གོམ་བགྲོད་པ་རྣམས་ཀྱིས་དཀའ་ལས་རྒྱག་བཞིན་པར་སེམས་ཚོར་ཆེན་པོས་གདུང་སེམས་མཉམ་བསྐྱེད་གནང་བར་མི་མང་ཚོགས་གཙོ་མཆོག་གིས་བསྔགས་བརྗོད་དང་བཅས་མཇལ་དར་ལེགས་བསྒྲོན་གནང་།

སུད་སི་ས་གནས་ Glarus ནང་གནས་སྡོད་ཞུ་མཁན་བློ་བཟང་བསྟན་འཛིན་ལགས་སུ་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་དགོས་དོན་དང་། མ་འོངས་པར་ང་ཚོས་ལས་འགུལ་ག་འདྲ་ཞིག་སྤེལ་ན་ཡག་པོ་ཡོད་མེད་ཐད་བཅར་འདྲི་ཞུས་པར། ཁོང་གིས་བརྗོད་དོན། ང་རང་གོམ་བགྲོད་འདིའི་ནང་མཉམ་ཞུགས་ཞུ་དགོས་དོན་ནི། བོད་ནང་ཛ་དྲག་གནས་སྟངས་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་བཞིན་མ་འོངས་པར་ཡང་དེ་བཞིན་དཀའ་ངལ་འཕྲད་ངེས་པ་སོགས་ཀྱི་དབང་གིས། ང་ཚོ་མི་ཚང་མས་ཤུགས་རྒྱག་དགོས་ཀྱི་འདུག་བསམ་ནས་འདིར་ཡོང་བ་ཡིན། ཞེས་དང་། མ་འོངས་པར་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་དབུ་མའི་ལམ་གཞིར་བཟུང་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་གཞིར་བཟུང་ཐོག་ནས། ལས་འགུལ་ག་རེའི་ཐོག་ལ་ཡིན་ནའང་གཞི་རྒྱ་ཆེ་ཙམ་ཡོང་ཐུབ་ན་ཡག་པོ་ཡོང་ས་རེད་དྲན་གྱིན་ཡོད། ཅེས་གསུངས་སོང་།

དེ་བཞིན་ས་གནས་སོ་ལོ་ཐོརན་ནང་གནས་སྡོད་གཟིག་རི་ཚང་བྱམས་པ་རྡོ་རྗེ་ལགས་སུ་གོམ་བགྲོད་ནང་ཞུགས་དགོས་དོན་དང་། རང་དབང་ལུང་པར་ཡོད་མཁན་བོད་མིའི་ལས་འགན་གཙོ་བོ་གང་ཡིན་མིན་ཐད་བཅར་འདྲི་ཞུས་པར། ཁོང་གིས། ཚང་མས་ཤེས་གསལ་ལྟར་བོད་ནང་ཛ་དྲག་གི་གནས་སྟངས་ཞེ་དྲག་ཆགས་ཡོད་པ་དང་། མི་མང་པོ་ཞིག་ལ་དཀའ་ངལ་ཕྲད་དང་འཕྲད་བཞིན་པ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་ཚང་མའི་གནས་སྟངས་ལ་བསམ་བློ་བཏང་ན། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཁོང་ཚོའི་གནས་སྟངས་དེ་ཁྱབ་བསྒྲགས་ཞུ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ང་རང་རང་དབང་ལུང་བར་ཡོད་པའི་བོད་མི་ཞིག་ཡིན་པའི་ཆ་ནས། གོམ་བགྲོད་འདི་ལྟ་བུའི་ལས་འགུལ་ནང་ཞུགས་དགོས་པ་གལ་ཆེན་དུ་མཐོང་ནས་འདིར་ཡོང་བ་ཡིན། ཞེས་དང་། བོད་ནང་བཞུགས་མཁན་གྱི་བོད་མི་ཚོར་ཁོང་ཚོའི་གནས་སྟངས་སྡུག་པོ་དག་འཛམ་གླིང་ནང་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། ཁོང་ཚོས་ལས་འགུལ་ཞིག་སྤེལ་དགོས་བྱུང་ན་རང་སྲོག་འབེན་ལ་འཛུགས་རྒྱུ་དང་། བཙོན་ཁང་ནང་འགྲོ་རྒྱུ་གཉིས་ལས་གདམ་ཀ་གཞན་ཡོད་པ་མ་རེད། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་ཁོང་དག་གི་ཚབ་བྱས་ནས་ཁྱབ་བསྒྲགས་བྱ་རྒྱུ་དེ་ལས་འགན་དང་པོ་རེད། དེ་ལ་ལས་ཀ་ག་རེ་གནང་དགོས་ཀྱང་ངེས་པར་དུ་གནང་དགོས་པ་དེ་སོ་སོའི་འགན་རེད་དྲན་དགོས་པ་དེ་གལ་ཆེན་རེད་དྲན་གྱིན་ཡོད། ཅེས་གསུངས་སོང་། ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སམས་རགས།