བོད་དོན་ཞི་བའི་གོམ་བགྲོད་ཉིན་དྲུག་པ།

དེ་རིང་ཕྱི་ཚེས ༩ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་དྲུག་པ་ཡིན། ཉིན་འདིར་གནམ་གཤིས་ཡག་འདུག་ལ། གོམ་བགྲོད་པ་རྣམས་སུད་སི་ས་གནས་Brugg ནས་ས་གནས Aargau བར་སྤྱི་ལེ་ ༢༠ མ་ཟིན་ཙམ་ལ་གོམ་བགྲོད་གནང་སོང་། གོམ་བགྲོད་པ་སྐྱེས་པ་གཅིག་རྐང་པ་རྨས་སྐྱོན་བྱུང་བའི་དབང་གིས་མུ་མཐུད་གོམ་བགྲོད་གནང་ཐབས་མ་བྱུང་བར་ཁང་པར་ལོག་དགོས་ལས། དེ་མིན་གོམ་བགྲོད་པ་གཞན་རྣམས་ལ་དཀའ་ངལ་དམིགས་བསལ་གང་ཡང་བྱུང་མ་སོང་། ཉིན་འདིར་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས་༤༢ དང་། བུད་མེད་གྲངས ༢༠ ཁྱོན་མི་གྲངས་༦༢ ། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་བདུན་བརྒྱ་མ་ཟིན་ཙམ་འགྲེམས་སྤེལ་གནང་ཐུབ་ཡོད་འདུག

ཉིན་འདིར་ས་གནས་ཨར་གྷའོ་ཚོགས་ཆུང་གི་འཐུས་མི་སྙིང་པོ་ལགས་ཀྱི་ནང་མི་ངོས་ནས་གོམ་བགྲོད་པ་རྣམས་ལ་ཉིན་གུང་ཞལ་ལག་མོ་མོག་བཟོས་ཏེ་སྣེ་ལེན་གཟབ་རྒྱས་གནང་བྱུང་བ་དང་། དེ་བཞིན་ཨར་གྷའོི་ཚོགས་ཆུང་གི་ངོས་ནས་དགོང་མོའི་ཞལ་ལག་གྲ་རྒྱས་གོ་སྒྲིག་གནང་བྱུང་བ་སོགས་ལ་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་བཀའ་དྲིན་ཆེ་ཞུའི་མཇལ་དར་བསྒྲོན།

སུད་སི་ས་གནས་Bern ནང་གནས་སྡོད་དགུང་གྲངས་༦༨ ལ་སླེབས་པའི་སོ་ཕྲུག་ཉི་མ་ཚེ་རིང་ལགས་སུ་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་དགོས་དོན་དང་། གོམ་བགྲོད་ནང་དཀའ་ངལ་ག་རེ་བྱུང་ཡོེད་མེད་ཐད་བཅར་འདྲི་ཞུས་པར། ཁོང་གིས། ང་རང་འདིར་ཡོང་དགོས་དོན་ནི་ང་རང་བོད་པ་ཞིག་ཡིན། བོད་ནང་ལ་བོད་པ་མང་པོ་ལ་དཀའ་ངལ་ཞེ་དྲག་ཕྲད་ཡོད་པ་རེད། བོད་ས་ཡོངས་རྫོགས་རྒྱ་ནག་གཞུང་གིས་བཟུང་ཚར་ཡོད་པ་དང་། བོད་པ་རྣམས་ལ་ཐོབ་ཐང་གང་ཡང་མེད་པ་རེད། དཀའ་ངལ་དེ་དག་གསལ་བསྒྲཊ་ཞུ་ཆེད་གོམ་བགྲོད་ནང་མཉམ་ཞུགས་ཞུས་པ་ཡིན། ཞེས་དང་། ང་རང་ཉིན་བཞི་ལ་གོམ་བགྲོད་ནང་ཞུགས་པ་ཡིན་ལ། མུ་མཐུད་གོམ་བགྲོད་མཇུག་མ་རྫོགས་པར་འགྲོ་འདོད་ཡོད། ང་ལ་དཀོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དཀའ་ངལ་དམིགས་བསལ་གང་ཡང་བྱུང་མ་སོང་མོད། ང་ཚོའི་ནང་གི་གོམ་བགྲོད་པ་ཁ་ཤས་ལ་དཀའ་ངལ་ཞེ་དྲག་ཕྲད་སོང་། རྐང་པ་རྨ་བརྒྱབ་པ་དང་། རྐང་པ་ན་བ་ལ་སོགས་མང་པོ་ཐོན་སོང་། ཡིན་ཡང་ཚང་མ་སེམས་ཤུགས་གཅིག་པུས་ཤུགས་བརྒྱབ་སྟེ་འགྲོ་བཞིན་པ་རེད། ཅེས་གསུངས།

ཡང་སུད་སི་ས་གནས་Appenzell ནང་གནས་སྡོད་ཞུ་མཁན་རག་ཤུལ་ཚང་དགེ་ལེགས་རྣམ་རྒྱལ་ལགས་སུ་ཐེངས་འདིའི་ལས་འགུལ་ནང་ད་ལྟའི་བར་ཉིན་དྲུག་རིང་མཉམ་ཞུགས་གནང་བ་དང་། ད་དུང་མུ་མཐུད་གོམ་བགྲོད་འགྲོ་བཞིན་པ་ལྟར། གོམ་བགྲོད་ནང་དམིགས་བསལ་ཚོར་བ་ག་འདྲ་བྱུང་ཡོད་མེད་དང་། མ་འོངས་པར་གོམ་བགྲོད་འདི་བཞིན་ལས་འགུལ་མུ་མཐུད་སྤེལ་དགོས་མིན་ཐད་བཅར་འདྲི་ཞུས་པར། ཁོང་གིས། ཐེངས་འདིའི་ལས་འགུལ་ནང་དམིགས་བསལ་ཚོར་བ་ཞིག་ལ་གོམ་བགྲོད་ནང་དགུང་ལོ་༨༣ ཡིན་མཁན་དང་གཞོན་སྐྱེས་མང་པོ་ཡོང་སྟེ་བོད་མི་རིགས་དང་ལར་རྒྱ། ཤ་ཞེན་སེམས་ལ་བཅངས་ནས་བོད་དོན་ཆེད་དཀའ་ལས་བརྒྱབས་དང་རྒྱག་བཞིན་པ་ཡིན་སྟབས། ང་ཚོ་གཞོན་སྐྱེས་ཤིག་གི་ངོས་ནས་ལས་འགུལ་ནང་མི་མཐུད་ཞུགས་དགོས་པ་དེ་སོ་སོའི་འགན་ཞིག་ཡིན་པ་དང་། ངེས་པར་དུ་བསྒྲུབ་དགོས་པ་ཞིག་རེད་བསམ་པའི་ཚོར་བ་སླེབས་ཡོང་གི་འདུག ཅེས་དང་། མ་འོངས་པར་མུ་མཐུད་ལས་འགུལ་འདི་ལྟ་བུ་སྤེལ་ན་ཕན་ཐོག་བརྒྱ་ཆ་བརྒྱ་ཐམ་པ་ཡོང་གི་རེད་བསམ་གྱིན་འདུག ད་ལྟའི་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་ནི་བོད་ནང་གི་བོད་མི་ཚོར་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་དང་། མ་འོངས་པར་ཡང་མུ་མཐུད་འཕྲད་རྒྱུ་ཡིན་པ་སོགས་ཀྱི་ཆེད་དུ་ལས་འགུལ་འདི་ལས་ཆེ་ཙམ་རེ་སྤེལ་ཐུབ་པ་ཡིན་ན་བོད་དོན་དཀའ་ངལ་སེལ་ཐབས་ལ་གང་ཅིའི་ཐད་ནས་ཕན་པོ་ཡོང་གི་རེད་དྲན་གྱིན་འདུག ཅེས་སོགས་གསུངས།  ཙ་ཡུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སམས་རགས།