བོད་ཀྱི་སྐོར་ངོ་སྤྲོད་དང་གླིང་ཁ།

དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༨ ཉིན་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་འོག་ཨར་གྷའོ་བོད་སློབ་ཏུ་ཞོགས་པ་ཕྱག་ཚོད་ ༡༠ ནས་ཕྱི་དྲོ་ཕྱག་ཚོད་ ༢ བར་ཕྱི་རྒྱལ་མི་རིགས་རྣམས་ལ་བོད་ཀྱི་རིག་གཞུང་དང་གོམས་གཤིས་ངོ་སྤྲོད་སླད་དགེ་རྒན་དང་ཕ་མ། སློབ་ཕྲུག་བཅས་ཚང་འཛོམས་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཏུ་འགྱུར་གནང་ཡོད། དེ་ཡང་ཐོག་མར་ཕྱི་རྒྱལ་མི་རིགས་ཁག་ཅིག་ཕེབས་འབྱོར་ཡོད་པ་བཞིན་སློབ་ཕྲུག་དགེ་ལས་དང་ཕ་མ་རྣམས་ནས་གང་བློ་མ་གསུང་འདོན་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེའི་རྗེས་བོད་སློབ་འགན་འཛིན་ནས་མཛད་སྒོ་དེའི་དམིགས་ཡུལ་ངོ་སྤྲོད་དང་རིམ་བཞིན་ཕ་མ་ཁག་ཅིག་ནས་ཐུགས་འགན་བཞེས་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྐོར་ངོ་སྤྲོད་གང་ཐུབ་དང་དེ་བཞིན་དོགས་དྲི་ཇི་ཡོད་ལ་ལན་འདེབས་སོགས་མཛད། བོད་ཀྱི་ཡུལ་སྲོལ་གོམས་གཤིས་འགྲེལ་བརྗོད་ཞུས་ཡོད་པའི་ནང་ནས་གལ་ཆེའི་གནད་དོན་ཁག་ཅིག་ནི། ༡ བོད་མིའི་མཆོད་ཁང་ནང་གི་རྣམ་པ། ༢ སྟོན་པའི་ཞལ་ཐང་སྐོར། ༣ ཡོན་ཆབ་ཇི་ལྟར་འབུལ་ཚུལ། ༤ སྤོས་དང་མཆོད་མེ་སོགས་ཕུལ་དགོས་པའི་རྒྱུ་མཚན། ༥ ནང་པའི་དར་ཆ་དང་བོད་ཀྱི་དར་ཆ་ངོ་སྤྲོད། ༦ རླུང་རྟ་དར་ཆ་དཔྱང་ན་ཕན་ཡོན་ཇི་ཡོད། ༧ བོད་ཀྱི་བུད་མེད་རྣམས་ནས་ཕྱུ་པའི་སྟེང་པང་གདན་གྱོན་དགོས་པའི་རྒྱུ་མཚན། ༨ བོད་མིའི་ཐུན་མོང་མ་ཡིན་པའི་ཟས་རིགས་ཙམ་པ་དང་དེ་བརྫིས་ཏེ་ལྤགས་གཡོ་སྐོལ་ཇི་ལྟར་བྱེད་ཚུལ། ༩ ནང་པའི་ཕྱག་དཔེ་སོགས་ལ་གུས་བཀུར་བྱེད་སྟངས། ༡༠ བོད་མིའི་ནང་ཁུལ་ཕན་ཚུན་མཚམས་འདྲི་ཞུ་སྟངས། ༡༡ བོད་མིས་ཇ་སྲུབ་བྱེད་ཀྱི་ཇ་མདོང་ཀྱི་སྐོར་དང་དེ་བེད་སྤྱོད་གཏོང་སྟངས་སྐོར། ༡༢ ཁ་བཏགས་དཀར་པོ་བེད་སྤྱོད་གང་དང་གང་ལ་གཏོང་དགོས་ཚུལ་སོགས་ཡིན།

ཕན་ཚུན་བགྲོ་གླེང་བསྒྲུབས་རྗེས་དགེ་ལས་སློབ་ཕྲུག་ཕ་མ་དང་དེ་བཞིན་སྐུ་མགྲོན་ཕྱི་རྒྱལ་མི་རིགས་བཅས་ཡོངས་རྫོགས་ནས་བདེ་སྐྱིད་ལེགས་པའི་དཔལ་ཡོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཕྱིར་ཀི་བསོའི་ལྷ་གསོལ་མདོར་བསྡུས་ཞིག་བྱས་ཏེ་བོད་ཀྱི་སྒོར་གཞས་འཁྲབ་གནང་མཛད།

ཕྱག་ཚོད་ ༡༢ ཏག་ཏག་ཐོག་ཕྱི་དྲོའི་གསོལ་ཚིགས་ལ་མཉམ་དུ་རོལ་གནང་མཛད། དེ་རིང་གི་ཕྱི་དྲོའི་གསོལ་ཚིགས་རྣམས་ཁྱིམ་བདག་ཕ་མ་རྣམས་ནས་རང་ཁྱིམ་ནས་ཁ་ཟས་སྣ་མིན་བཟོས་ནས་བསྣམས་ཡོང་བ་དང་བོད་སློབ་ཏུ་གསོལ་ཚིགས་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་མི་མང་རྒན་གཞོན་རྣམས་ནས་ཐུན་མོང་ཏུ་བྲོ་བ་མྱོང་བཞིན་དགའ་བདེའི་དཔལ་ལ་རོལ་བར་མཛད།

མཐར་ཕྱི་རྒྱལ་བ་སྐུ་མགྲོན་རྣམས་བོད་སློབ་ཀྱི་འཛིན་ཁང་སོ་སོར་གཟིགས་ཞིབ་ཀྱིས་བོད་ཕྲུག་རྣམས་ཀྱིས་བོད་ཡིག་ལ་དོ་སྣང་ཆེན་པོས་སྦྱངས་བརྩོན་གནང་བཞིན་པ་དེར་ཡིད་དབང་དཔག་མེད་འཕྲོག

དེ་རིང་གི་བྱེད་སྒོ་དེར་སུད་བོད་མཛའ་འབྲེལ་ཚོགས་པ་ནས་རྒྱབ་སྐྱོར་གནང་ཡོད་པ་དང་ཁྱད་པར་དུ་མི་མང་ཡོངས་ལ་བཏུང་བ་དང་སློབ་ཕྲུག་ཡོངས་ལ་འཁྱགས་པ་བྱེ་རིལ་སོགས་གསོལ་རས་གནང་།

རང་མི་རིགས་ཀྱི་སྲོལ་རྒྱུན་རང་བཞིན་ལྡན་པའི་བྱེད་སྒོ་འདི་དག་ལ་ཨར་གྷའོ་བོད་སློབ་ཀྱི་ཕ་མ་རྣམས་ནས་རྒྱབ་སྐྱོར་དང་དངོས་སུ་དེ་རིང་མཉམ་ཞུགས་སོགས་གནང་བར་དགའ་འོས་པ་ཞིག་ཡིན།

ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སམས་རགས།