བོད་ཀྱི་རིག་གཞུང་ཉིན་མོ་སྲུང་བརྩི།

༢༠༡༩ ཟླ། ༡༠ ཚེས། ༡༢ ཉིན་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས་བོད་ཀྱི་རིག་གཞུང་ཉིན་མོ་ཐེངས་གཉིས་པ་གོ་སྒྲིག་ཞུས་ཡོད་པ་དང་དེའི་ཉིན་ས་གནས་ཀྱི་མི་མང་དང་ཕྱོགས་མཐའ་ཁག་ནས་དོན་གཉེར་ཅན་མང་པོ་ཕེབས་ཡོད། དེ་ཡང་ཐོག་མར་སྔར་རྒྱུན་བཞིན་སློབ་ཕྲུག་དང་མི་མང་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གང་བློ་མ་གསུང་འདོན་བསྒྲུབས་རྗེས་སློབ་ཕྲུག་རྒན་གཞོན་བར་གསུམ་དང་ས་གནས་ཀྱི་གཞོན་སྐྱེས་སྡེ་ཚན་གྱིས་གཙོས་ཕ་མ་དང་འབྲེལ་ཡོད་རྒན་པ་བཅས་ནས་མཛད་རིམ་ཡོངས་རྫོགས་ཀྱི་ནང་ཆ་ཤས་བཞེས་ནས་རིག་གཞུང་ཉིན་མོ་དེའང་ཆེས་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་པར་བྱུང་ཡོད། སྐབས་དེའི་མཛད་རིམ་གཙོ་གནད་ཁག་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་དབུ་ཅན་དང་དབུ་མེད་སོགས་ཀྱི་འགྲན་སྡུར་དང་། བློའི་འཆར་གཟུགས་ལས་འགྲུབ་པའི་བོད་ཀྱི་རིག་གཞུང་གོམས་སྲོལ་སོགས་གང་རུང་ཐོག་རང་མོས་ཀྱིས་རི་མོ་འགྲན་སྡུར། སློབ་ཕྲུག་རྒན་པ་རྣམས་ལ་རྒྱལ་རབས་དང་ཆོས་འབྱུང་། དག་ཡིག་སོགས་ཀྱི་ཐོག་རིག་རྩལ་འགྲན་སྡུར། སློབ་ཕྲུག་འབྲིང་བ་རྣམས་ལ་སྔོན་རྗེས་ཡང་གསུམ་དང་མགོ་ཅན་སོགས་ངོས་འཛིན་གནང་རྒྱུའི་རྩེད་རིགས། སྔོན་འགྲོའི་སློབ་ཕྲུག་རྣམས་ལ་ཀ་མད་སུམ་ཅུ་དང་དབྱངས་བཞི་ངོས་འཛིན་གནང་རྒྱུའི་རྩེད་རིགས། སློབ་ཕྲུག་རྒན་པ་རྣམས་ནས་སྙན་ཚིག་གྱེར་འདོན། དེ་བཞིན་འཛིན་གྲྭ་སོ་སོས་བོད་ཀྱི་སྐད་ཡིག་དང་འབྲེལ་བ་ཡོད་པའི་མཉམ་གཞས་དང་འཁྲབ་གཞས། མི་མང་རྒན་གཞོན་ཀུན་ལ་སྤྲོ་སྣང་འཕེལ་བའི་རྩེད་རིགས་ཏམ་བྷོ་ལ་དང་། གཞོང་པ་འདྲ་བའི་སྣོད་ཀྱི་ནང་རྡེལ་རིལ་བཞག་སྟེ་སྐོར་རྒྱུའི་རྒྱན་རྩེད། ཞབས་སྟེགས་འཕྲོག་རེས། སྒང་ཕུག་བརྟོལ་རེས། ཐུར་མའི་སྟེང་དུ་ཤེལ་རྡོ་བཞག་ནས་རྒྱུག་འགྲན། སློབ་ཕྲུག་རྒན་པས་ཁྱིམ་བདག་ཨ་མ་ལགས་རྣམས་ཀྱི་སྐྲ་ལྷས་མ་སླ་བ། གཞོན་སྐྱེས་སྡེ་ཚན་དང་ཕ་མ་རྣམས་རུ་ཁག་གསུམ་ལ་བགོས་ཏེ་གལ་གནད་ཅན་གྱི་བརྗོད་གཞི་ཁག་ཅིག་ལ་རྩོད་གླེང་གནང་བ། སློབ་ཕྲུག་ཡོངས་རྫོགས་སྡིངས་ཆའི་སྟེང་ནས་འགྱིང་བགྲོད་གནང་སྟེ་དེ་བཞིན་ལེགས་སྐྱེས་ཀྱང་རིམ་བཞིན་འབུལ་བ། ཨར་གྷའོ་གཞོན་སྐྱེས་སྡེ་ཚན་གྱིས་གཙོས་ཁྱིམ་བདག་ཁག་ཅིག་ནས་སྡིངས་ཆའི་སྟེང་ནས་འགྱིང་བགྲོད་གནང་སྟེ་དེ་དག་ལས་བོད་ཆས་གཟབ་མཆོར་ལེགས་ཤོས་སྤྲས་མཁན་ལ་བྱ་དགའ་གསོལ་སྩལ་གནང་བ་སོགས་ཀྱིས་མཛད་རིམ་བསྐྱངས་ཡོད། ཡིག་གཟུགས་དང་རི་མོ་འགྲན་སྡུར། རྩོད་གླེང་། འགྱིང་བགྲོད་བཅས་ལ་ཞིབ་འཇུག་གནང་མཁན་དམིགས་བསལ་གཟུ་དཔང་གསུམ་གདན་འདྲེན་ཞུས་ཡོད་པ་རྣམས་ནི། ར་པི་ཡོ་ན་བོད་སློབ་ཀྱི་བོད་དགེ་ཐུབ་བསྟན་ཉམས་ཟུར་ལགས་དང་། ས་གནས་བྷེན་བོད་སློབ་ཀྱི་བོད་དགེ་གདུགས་དཀར་འབུམ་ལགས། ས་གནས་ལྦེདྷེནསི་ལྦིལ་བོད་སློབ་ཀྱི་བོད་དགེ་ནོར་འཛོམས་ལགས་བཅས་ཡིན། སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བའི་སུད་སི་བོད་རིགས་མི་མང་གི་ཚོགས་གཞོན་སྐུ་ངོ་ཕྱོགས་ཤམ་པ་ཕུན་ཚོགས་མཆོག་ནས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སྐོར་བཀའ་སློབ་སྙིང་བསྡུས་ཞིག་གནང་སྟེ་མི་མང་རྣམས་སྔར་བས་ཀྱང་སེམས་འགུལ་ཇི་ཆེར་ཐེབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཉིན་མོ་འདི་ནི་ཨར་གྷའོ་ས་གནས་ཀྱི་ལོ་གཅིག་གི་ནང་ལས་འཆར་གལ་ཆེ་ཤོས་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་སོང་ས་གནས་ཀྱི་མི་མང་ཙམ་མིན་པར་ཕྱོགས་མཐའ་ཁག་ནས་ཀྱང་མཉམ་ཞུགས་གནང་དགོས་རྒྱུའི་མགྲོན་འབོད་བྱས་པ་མ་ཟད་རིན་མེད་ངང་ཕྱི་དྲོ་དང་དགོང་དྲོར་བཅུད་ལྡན་དཀར་སྐྱོང་གི་གསོལ་ཚིགས་ཀྱང་འདེགས་འབུལ་ཞུས་ཡོད།
མཐར་མི་མང་རྒན་གཞོན་ཡོངས་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་ཕྱིར་ཆོལ་གསུམ་མཐུན་སྒྲིལ་གྱི་སྒོར་གཞས་ཁག་ལ་རོལ་ཏེ་མཛད་སྒོ་དགའ་སྐྱིད་ངང་འཇུག་བསྡུས་པའོ།

ཨར་གྷའོ་ས་གནས་ཚོགས་ཆུང་དང་བོད་སློབ་ཐུན་མོང་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སམས་རགས།