བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་ཏུ་གློད་གྲོལ་དགོས།

དེ་རིང་ཕྱི་ཚེས་༧ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་སུད་སི་ནང་གི་རྒྱ་ནག་གཞུང་ཚབ་བརྒྱུད་རྒྱ་ནག་དམར་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཆེད་རྔམ་སྟོན་ཁྲོམ་སྐོར་གནང་སོང་།

གོང་ཚེས་ཉིན་ཆུ་ཚོད་༡༨་ནས་༢༠་༤༥་བར་སུད་སི་གྲོང་ཁྱེར་ཛུ་རིག་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁྲིས་ནས་རྒྱ་ནག་གཞུང་ཚབ་མདུན་བར་རྔམ་སྟོན་ཁྲོམ་སྐོར་གནང་སོང་ལ། ལས་འགུལ་འདིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་བོ་འཕྲིན་ལས་རྣམ་གཉིས་ཀྱིས་གཙོས་ས་གནས་མི་མང་བརྒྱ་ལྷག་མཉམ་འཛོམས་ཐོག རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་འབོད་སྒྲ་བསྒྲགས་པ་དང་། ལས་འགུལ་གྱི་དགོས་དམིགས་འཁོད་པའི་ཡིག་ཆ་འགྲེམས་སྤེལ། དེ་བཞིན་འབོད་ཚིག་འཕྲེད་དར་སོགས་ཕྱར་ཏེ་ལས་འགུལ་རྣོ་ངར་ལྡན་པ་ཞིག་སྤེལ་སོང་། ལས་འགུལ་གོ་སྒྲིག་པས་དགོས་འདུན་དོན་ཚན་ཁག་ནང་འཁོད་དོན་ལྟར་ན། རྒྱ་ནག་དམར་གཞུང་གིས་མི་ལོ་དྲུག་བཅུ་ལྷག་གི་རིང་ལ་བོད་ནང་བཙོན་ར་ལྟ་བུར་བསྒྱུར་ཡོད་པ་དང་། ལྷག་དོན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་གཙོས་བོད་ནང་གི་བླ་ཆེན་ཁག་དང་། ཤེས་ཡོན་པ། གྲྭ་བ། སློབ་མ། དགེ་རྒན། མི་མང་དཀྱུས་མ་ཚུན་ཆད་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ལྷག་བསམ་རྣམ་དག་གིས་བསམ་ཚུལ་ཕུལ་བ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་སོགས་ལ་བདག་སྐྱོང་གི་ལས་འགུལ་སྤེལ་བ། ཁོར་ཡུག་བདག་སྐྱོང་། སློབ་གསོའི་བྱ་འགུལ་སོགས་སྤེལ་བ་གང་ཅིར་ཆབ་སྲིད་ཀྱི་ཉེས་མིང་གཡོག་ཅིང་། རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་ལ་ངོས་འཛིན་གྱིས་ཡོད་ཚད་བཀག་སྡོམ་དང་འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་ཡིག་སོགས་གང་ལའང་མི་འཚམས་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་རང་གི་རྩ་ཁྲིམས་ཀྱི་དོན་ཚན་དང་། ས་གནས་རང་སྐྱོང་བཅའ་ཁྲིམས་གྱི་དོན་ཚན་ཁག་དང་གཏན་ནས་མི་མཐུན་པ་ཞིག་ཡིན་ལ། ཁོང་དག་གི་བྱ་སྤྱོད་གང་ལའང་རྒྱལ་སྤྱིའི་ཁྲིམས་དང་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་བའི་གནས་ལུགས་ཁུངས་སྐྱེལ་གང་ཡང་མེད་པ་གསལ་བོ་ཡིན་སྟབས། གོང་བརྗོད་ཆབ་སྲིད་བཙོན་པ་གཉིས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་གཏོང་དགོས། ཞེས་འཁོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་བོ་འཕྲིན་ལས་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་གཟུགས་གནས་སྟངས་སྐོར་ངོ་སྤྲོད་གནང་དོན། རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོག་འོག་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་དང་། ཁོང་གི་དད་ལྡན་སློབ་བུ་སྟོང་ཕྲག་མང་པོས་ཞུ་སྐུལ་རིམ་པ་ཞུས་ཀྱང་རྒྱ་གཞུང་གིས་རེ་འདུན་སྣང་མེད་བཞགས་ཏེ་ད་ལོ་མི་ལོ་བཅུ་གསུམ་འཁོར་ཡོད་པ་རེད། དེ་རིང་ང་ཚོས་འཛམ་གླིང་གང་སར་ཡོད་པའི་བོད་པའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་འབོད་སྐུལ་ཞུས་པ་ལྟར། དེ་རིང་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད། ད་ལྟ་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་ལ། ཁོང་གི་མཁལ་མ་དང་སེམས་ཁམས། ཞབས་གཉིས་ཀྱང་བདེ་ཐང་མིན་པ་མ་ཟད། སྐུ་གཟུགས་འདར་གསིག་རྒྱག་པ་སོགས་གནས་སྟངས་ཧ་ཅང་ཚབ་ཆེན་ཆགས་ཡོད་ཀྱང་སྨན་བཅོས་སོགས་ཀྱི་རང་དབང་གང་ཡང་སྤྲོད་ཐུབ་ཀྱིན་མེད་པ་རེད་ཅེས་དང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ཀྱིས་དེ་རིང་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་དགོས་པའི་འབོད་སྐུལ་ཉིན་མོ་དང་འབྲེལ་བའི་གཏམ་བཤད་གནང་དོན། པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ནས་ནང་མི་ཕ་མ་དང་བཅས་པ་གར་སོང་ཆ་མེད་གྱུར་བ་རེད། དེང་སང་གསོན་དང་གནས་ཀྱི་སྐད་ཆ་གང་ཡང་གོ་གི་ཡོད་པ་མ་རེད། དེ་ནི་བྱིས་པ་ཆུང་ཆུང་དེ་འདྲ་ཞིག་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་བཀག་སྡོམ་བཙོན་འཇུག་བྱས་པ་རེད། དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་དག་སུ་གང་གིས་ཀྱང་བྱས་མྱོང་མེད་པའི་ཚད་བརྒལ་གྱི་བྱ་སྤྱོད་ཅིག་རེད། ཅེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མཚོན་ན་རིན་པོ་ཆེ་མཆོག་གིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་དང་། རིག་གནས་དར་སྤེལ་སོགས་བྱས་རྗེས་བླ་མེད་བཞག་པ་དང་། བོད་པ་རྣམས་མཐུན་སྒྲིལ་རྡོག་རྕ་གཅིག་སྒྲིལ་གནང་དགོས་པའི་ཕྱག་ལས་རླབས་ཆེན་མང་པོ་སྐྱོང་ཡོད། ཁོང་གི་ཕྱག་ལས་ཀྱི་ཤུགས་རྐྱེན་དེ་བོད་ས་ཡོངས་རྫོགས་ལ་ཁྱབ་ཡོད་པ་མ་ཟད། དམིགས་བསལ་ཁོང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཤུགས་རྐྱེན་དེ་བོད་ས་ཡོངས་ཀྱིས་ད་ལྟའང་ལག་བསྟར་བྱེད་བཞིན་པ་རེད། ཁོང་གི་ལས་རླབས་ཆེན་དེ་དག་ལ་བར་ཆད་གཏོང་རྒྱུར་ཆེད་དུ་དམིགས་ནས་འཛིན་བཟུང་བྱས་བ་ཞིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ནང་མོ་ཡི་འདྲ་སྐུ་ཞིག་གས་གཏོར་བྱས་པ་དང་འབྲེལ་བ་ཡོད་ཚུལ་དང་། མི་གསོད་ཉེས་ཅན་པ་ཡིན་ཚུལ་གྱི་ཞ་མོ་གཡོག་ནས་བཙོན་འཇུག་བྱས་པ་རེད། དེ་འདྲ་བླ་མ་རྩ་ཆེན་ཞིག་དང་ནང་ཆོས་ལ་དད་པ་དང་སྦྱོང་བ་ཡོད་མཁན་ཞིག་མི་གསོད་ཉེས་ཅན་པར་ག་འདྲ་ཞིག་བྱས་ནས་གྱུར་བ་རེད། དེ་བོད་མི་ཚང་མས་བདེན་དཔང་བྱེད་ཐུབ་ཀྱི་རེད་ལ། ངས་ཀྱང་བདེན་དཔང་བྱེད་ཐུབ། ང་ལའང་རྒྱ་ནག་གིས་མི་གསོད་ལག་དམར་རེད་ཟེར་ནས་འཛིན་བཟུང་བྱས་པ་རེད། འདི་ནི་རྒྱ་ནག་གིས་མི་ལ་ཞ་མོ་ནག་པོ་གཡོག་སྟངས་ཞིག་ཡིན་པ་ལས། ཁོང་གིས་མི་བསད་མེད་པ་ནི་ངས་བདེན་དཔང་བྱེད་ཆོག  ཅེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་ཞབས་ཞུ་བ་བློ་བཟང་དོན་གྲུབ་ལགས་རྒྱ་གཞུང་གིས་དམར་གསོད་བཏང་ཚར་བ་རེད། ཁོང་གིས་རྒྱ་ནག་གཞུང་གིས་བཙན་གྱིས་བཀལ་བའི་ཞ་མོ་ནག་པོ་དེ་ཁུར་ནས་ང་ཚོ་དང་རིང་དུ་གྱེས་ཟིན་པ་རེད། བོད་བསྟན་པ་ཆབ་སྲིད་དང་དམིགས་བསལ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་སྐུ་སྲོག་བཏང་ཟིན་པ་རེད། དེ་འདྲ་ཡིན་དུས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཐད་ལ་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་། བློ་བཟང་དོན་གྲུབ་གྱི་མཚན་དེ་ཅིས་ཀྱང་འབྲལ་ཐབས་མེད་པ་ཞིག་རེད་དེ། དེ་རིང་འབོད་ཚིག་དང་འཕྲེད་དར། ཡིག་ཆ་སོགས་གང་གི་ངོས་ནའང་ཁོང་གི་མཚན་དང་པར་སོགས་མེད་པ་ནི་ང་ལ་མཚོན་ན་བློ་ཕམ་ཅུང་སྐྱེས་སོང་། མ་འོངས་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐོར་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་ལས་འགུལ་དང་མཚན་གནས་གང་ཕུལ་ཀྱང་། བློ་བཟང་དོན་གྲུབ་ཟེར་བའི་དཔའ་བོ་ཁོང་གི་མཚན་འདི་ནམ་ཡང་ང་ཚོས་བརྗེད་ཆོག་གི་མ་རེད། ཅེས་སོགས་གསུང་སོང་།

མཐར་བོད་མིང་ཡོངས་རྫོགས་ཀྱིས་བདེན་ཚིག་སྨོན་ལམ་དབྱངས་སུ་གྱེར་བ་དང་། རྒྱ་ནག་གཞུང་ཚབ་ལ་ཁ་གཏད་དེ་ཚོར་ཤུགས་ཆེན་པོས་བརྡ་ལན་རྣོ་ངར་ལྡན་པའི་སྐད་འབོད་བྱས་པ་དང་འབྲེལ་ཚོགས་གཞོན་མཁར་འཕགས་ལགས་ཀྱིས་ལས་འགུལ་མཇུག་སྡོམ་གཏམ་བཤད་གནང་བ་སྦྲགས་ལས་འགུལ་སྒྲིལ་སོང་།
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
འབྲེལ་བ་ཞུ་ཡུལ།
0041 0764653312  ཚོགས་གཙོ་དཔའ་བོ།
0764552567  ཚོགས་གཞོན་མཁར་འཕགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སམས་རགས།