བལ་སྒོར་འབུམ་གསུམ་ལྷག་གི་ཉེས་ཆད་བཅད་འདུག

བལ་ཡུལ་དུ་ལོ་སར་ཚེས་གསུམ་ཉིན་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་ཞི་འབོད་ལས་འགུལ་མི་གྲངས་བཅུ་གསུམ་པོ་ད་བར་བཀག་ཉར་བྱས་མཐར། བལ་སྒོར་འབུམ་གསུམ་དང་ཕྱེད་ཀ་ལྷག་གི་དཔལ་འབྱོར་གྱི་ཉེས་ཆད་བཏང་འདུག དེ་ཡ་བལ་ཡུལ་དུ་ཆུ་འབྲུག་ལོ་སར་ཚེས་གསུམ་ཉིན་སློབ་ཕྲུག་གི་གཙོས་བོད་མི་གཞོན་སྐྱེས་ཁག་གཅིག་གིས་བལ་ཡུལ་རྒྱལ་སར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་སྐྱོབ་ཞུ་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། བལ་ཡུལ་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱས་པ་དང་། སྐབས་དེའི་རིང་རང་དབང་ཅན་གྱི་ཁྲིམས་རྩོད་པའི་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པ་སོགས་ནས་རྒྱབ་སྐྱོར་བྱས་པ་བརྒྱུད། བལ་ཡུལ་གཞུང་གི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཡོད་ཀྱང་། ཁྲིམས་ཁང་ནས་ཐག་གཅོད་ཡག་པོ་མ་བྱུང་ཐོག་མི་རེ་ལ་ཆ་སྙོམ་བལ་སྒོར་གཉིས་ཁྲི་བདུན་སྟོང་ཙམ་རེ་བསྡོམས་བལ་སྒོར་འབུམ་གསུམ་དང་ལྔ་ཁྲི་ཆིག་སྟོང་གི་ཉེས་ཆད་བཏང་ནས་ཟླ་འདིའི་ཚེས་༥ ཉིན་གློད་གྲོལ་བཏང་ཡོད་འདུག། ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་སྒྲོལ་མས་བརྗོད་དོན། བོད་མི་ཞི་འབོད་ལས་འགུལ་བ་ཁོང་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་སྐད་ཙམ་བྱས་པ་ལས། ནག་ཉེས་གང་ཡང་མེད་པ་དང་། ལས་འགུལ་བ་མང་ཆེ་བ་སློབ་ཕྲུག་ཡིན་པར་བརྟེན། སློབ་སྦྱོང་གི་གོ་སྐབས་འཕྲོ་བརླག་མི་འགྲོ་ཆེད་མགྱོག་མྱུར་གློད་གྲོལ་ཡོང་ཐབས་བྱས་པ་ཡིན། ང་ཚོའི་ས་གནས་གཞོན་ནུ་དང་། བུད་མེད་ཚོགས་པ། མདོ་སྟོད་ཚོགས་པ། སྟོད་པ་བདེ་དོན། བློ་གསལ་གླིང་། ཨ་ཅག་ཚུལ་ཁྲིམས་སོགས་ཚོགས་སྐྱིད་དང་སྒེར་ཚང་མས་མཉམ་རུབ་ཐོག་དཔལ་འབྱོར་གྱི་ཉེས་ཆད་སྤྲོད་ཐབས་བྱས་པ་ཡིན་ཞེས་བརྗོད་སོང་།
ཡང་གཞོན་སྐྱེས་སྐལ་བཟང་གིས། བལ་ཡུལ་མང་གཙོ་དང་། རང་དབང་ཅན་གྱི་རྒྱལ་ཁབ་ཡིན་ཡང་ད་ཐེངས་ཞུ་འབོད་ཙམ་ལ་སྤྱི་ཚོགས་བདེ་འཇགས་དང་། སྤྱི་དམངས་བདེ་འཇགས་ལ་གནོད་པ་སྐྱེལ་བའི་ཉེས་འཛུགས་དང་། ལྷག་དོན་མང་ཆེ་བ་སློབ་ཕྲུག་ཡིན་པའི་གཞོན་སྐྱེས་ཁོང་ཚོར་བལ་སྒོར་འབུམ་གསུམ་ལྷག་གི་དཔལ་འབྱོར་ཉེས་ཆད་བཏང་བ་ནི་རྒྱ་ནག་གི་གནོན་ཤུགས་དང་།  རྒྱ་ནག་གི་ལྐོག་དངུལ་ཁྲིམས་ཁང་ལ་སླེབས་ཡོད་པ་གསལ་པོ་རེད་”ཅེས་བརྗོད་སོང་།དེ་ལྟར་གཞོན་སྐྱེས་ལས་འགུལ་བ་དེ་ཚོ་ནི་བུ་བཅུ་གཅིག་དང་། བུ་མོ་གཉིས་བཅས་གཞོན་སྐྱེས་ཕོ་མོ་གྲངས་༡༣ ཡོད་པ་མང་ཆེ་བ་སློབ་ཕྲུག་ཡིན་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།