བལ་གཞུང་གིས་བོད་མི་རྩིས་སྤྲོད་བྱ་རྒྱུར་ཁས་ལེན་བྱས་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༢ཉིན། བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རིགས་དམ་དྲག་བྱ་རྒྱུ་ཁས་ལེན་བྱས་འདུག་པ་དང༌། གནས་ཚུལ་འདི་ཉེ་ཆར་ཨ་རིའི་གཞུང་དང་ཡོ་རོབ་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་ཚུལ་ཐད་སྐྱོན་བརྗོད་བྱས་མ་ཐག་བྱུང་བའི་གནས་ཚུལ་ཞིག་རེད།
གནས་ཚུལ་དེའི་ཐད་བལ་ཡུལ་ཏཱ་ཏོ་པཱ་ནིང་ས་གནས་གཞིས་སྤོ་ལྷན་ཁང་གི་འགན་འཛིན་བྷི་ཇཱ་པོ་ཌལ་གྱིས། འཛིན་བཟུང་བྱས་པའི་བོད་མི་རྣམས་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཁས་ལེན་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང༌། དེའི་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་བཅས་ནས་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་པ་རེད།
ད་ལྟའི་ཆར་བལ་ཡུལ་ནང་ཁྱོན་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་མི་གྲངས་༢༠༠༠༠ཙམ་ཡོད་པ་དང༌། ཛ་དྲག་གི་གནས་སྟངས་འདིའི་འོག བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཅིང༌། འདི་ལོ་ཕྱི་ཟླ་༢པའི་ཚེས་༡༣ཉིན། བལ་ཡུལ་གནས་སྡོད་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་དང༌། མི་མང་གིས་ཁ་ཐུག་འོས་འདེམས་བྱེད་བཞིན་པའི་སྐབས་༣པའི་བཀའ་བློན་ཁྲི་པ་འོས་འདེམས་བྱེད་མ་བཅུག་པར། འོས་སྒམ་བལ་གཞུང་ཉེན་རྟོག་པས་བཙན་འཕྲོག་བྱས་ཡོད་པ་རེད།

རྒྱ་ནག་དང་བལ་ཡུལ་དབང་འཛིན་པ་དབར་ཚོགས་འདུ་མ་ཚོགས་པའི་བདུན་ཕྲག་༡ཙམ་གྱི་སྔོན་དེར། བྷེ་ཇམ་གྱི་རྒྱལ་ས་བྷུ་ཟལ་དུ། ཡོ་རོབ་གྲོས་ཚོགས་ནས་བལ་ཡུལ་གཞུང་ལ་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་ལུགས་དང༌། བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་དུ་གནས་སྡོད་བྱེད་པར་བལ་ཡུལ་གཞུང་གིས། བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་ལུགས་ཀྱི་གྲོས་ཆོད་དེར་ཡོ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཀྱི་ཚོགས་པ་མང་ཆེ་བས་མོས་མཐུན་དང་རྒྱབ་སྐྱོར་གནང་ཡོད་པ་རེད།

ཡང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང༌། བོད་མི་རྣམས་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུར་ཐོབ་ཐང་ཡོད་པ་དང༌། ཐོབ་ཐང་དེ་ནི་མི་སེར་ཚང་མའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པས། དེ་ངེས་པར་དུ་བལ་ཡུལ་གཞུང་གིས་དང་ལེན་དང་སྲུང་སྐྱོབ་བྱེད་དགོས་ལུགས་གསུངས་སྟབས། རྒྱ་ནག་གཞུང་གི་བལ་ཡུལ་ནང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང༌། བལ་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་འབྲེལ་བ་དམ་ཟབ་ལ་ཁ་གཡར་ནས། སྐྱབས་བཅོལ་དུ་ཡོང་སྐབས་འཛིན་བཟུང་བྱས་པའི་བོད་མི་རྣམས་ཕྱིར་རྒྱ་གཞུང་ལ་རྩིས་སྤྲོད་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་རེད།

མ་ཚད་ཉེ་ཆར་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་མ་གནས་ཨ་སྒོར་ས་ཡ་༡༣ཙམ་གྱི་མཚོན་ཆ་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་དང༌། ཕྱི་ལོ་༢༠༠༦ལོར་བལ་ཡུལ་རྒྱལ་པོའི་སྲིད་དབང་མཇུག་སྒྲིལ་ནས་བཟུང༌། བལ་ཡུལ་གྱི་དཔལ་འབྱོར་དང་ཚོང་འབྲེལ་རྒྱ་ནག་ཤུགས་ཆེན་པོ་འཛིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༨ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བཏོན་པའི་༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་བལ་པོའི་གཞུང་ལ་སྐྱོན་བརྗོད་བྱས་དོན། བལ་པོའི་གཞུང་གིས་རྒྱ་ནག་གི་བཙན་གནོན་འོག་སྡོད་མ་ཐུབ་པར་སྐྱབས་བཅོལ་དུ་ཡོང་མཁན་གྱི་བོད་པ་ཚོར་བཙན་དྲག་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་གཏོང་བཞིན་ཡོད་པ་དང༌། ཕྱི་ལོ་༢༠༠༣ནས་བཟུང༌། བལ་གཞུང་གིས་ཆེས་ཐོག་མར་བོད་མི་སྐྱབས་བཅོལ་བ་༣བཙན་ཐབས་ཀྱིས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་ཀྱི་རེ་སྐུལ་དང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སོགས་ལ་བརྟེན་ནས་རེས་གཟའ་ཉི་མའི་ཉིན། བོད་དང་བལ་པོའི་ས་མཚམས་ཀྱི་བདེན་འཇགས་ཚོགས་འདུ་ཞིག་འགྲམ་དུ་འཚོགས་ཡོད་ལ། སྐབས་དེར་བལ་པོའི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཇཱ་ཡཱ་མོའུ་ཁན་ཌ་ཁན་ནེལ་(Jaya Mukunda Khanal)དང་་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་གཞོན་པ་གཉིས་བར་གྲོས་མོལ་གནང་ཡོད་ཀྱང༌། བོད་རིགས་སྐྱབས་བཅོལ་བ་བཙན་དྲག་གིས་ཕྱིར་ལོག་གཏོང་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་པ་མ་ཟད། དེ་ལས་ལྡོག་སྟེ། མ་འོངས་པར་སྔར་ལས་དམ་དྲག་ཆེ་རུ་གཏོང་རྒྱུ་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སམས་རགས།