བཀའ་ཁྲི་མཆོག་ལ་ལེགས་སྐྱེས་ཕུལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༥ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རའི་ནང་དུ་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ལེགས་སྐྱེས་འབུལ་བའི་མཛད་སྒོ་ཚོགས་ཡོད།དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་གནད་ཡོད་མི་སྣ་ཁག་གཅིག་དང་། བཀའ་བློན་ལས་ཟུར་ཁག་གཅིག རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཚོགས་བཅར་བ་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོ་སྐྱོང་གནང་སྟེ་ངོ་སྤྲོད་གསུང་བཤད་རྗེས་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཙ་ཡུས་སྐལ་བཟང་ལགས་ཀྱིས་ལེགས་སྐྱེས་འབུལ་དགོས་པའི་གསུང་བཤད་གྲུབ་བསྟུན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ལེགས་སྐྱེས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་དར་དང་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་འབུལ་བཞེས་རྗེས་བཀའ་ཁྲི་མཆོག་གི་བྱས་རྗེས་ལ་རྒྱུས་མངའ་ཆེ་བའི་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོོན་བྱམས་པ་བསམ་གཏན་ལགས་དང། ལྷོ་ཨེ་ཤི་ཡའི་འགན་འཛིན་ཧེར་ཛོག་ལགས། མཁས་དབང་ཏིར་ཁ་ལགས། སློབ་དཔོན་ཤར་མ་ལགས། བཀའ་ཟུར་པདྨ་ཆོས་འབྱོར་མཆོག་དང། ལ་དྭགས་བླ་མ་བློ་བཟང་ལགས། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག འདེམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཅས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་དོན་གཟེངས་སུ་ཐོན་པ་གནང་བའི་རླབས་ཆེན་བྱས་རྗེས་ལ་བསྔགས་བརྗོད་ལེགས་པར་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་མཚོན་པའི་གཟེངས་རྟགས་འབུལ་བའི་མཛད་སྒོར་གསུང་བཤད་གནང་མཁན་དང་སྐུ་མགྲོན་རྣམ་པ་ཚོར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། དུས་རྒྱུན་འདིར་གཞུང་དང་ཚོགས་པ་ཁག་གི་མཛད་སྒོར་བཅར་བའི་སྐབས་༸གོང་ས་མཆོག་དང་བླ་ཆེན་མི་ཆེན་ཚང་མའིི་གསུང་བཤད་གནང་ཡུལ་གྱི་སྟེགས་བུ་འདི་ཡིན་དུས་སེམས་ནང་དངངས་འཚབ་ཀྱི་བདེ་པོ་རང་མི་འདུག ངས་བཤད་རྒྱུ་ཚང་མ་རྣམ་པ་ཚོས་བཤད་ཚར་སོང་། དེ་རིང་སྦེལ་ཇམ་བོད་རིགས་ཚོགས་པའི་ངོས་ནས་བཀའ་ཁྲི་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དེ་ཡ་རབས་བཟང་སྤྱོད་དང་མིག་དཔེ་ལྟ་འོས་ཤིག་རེད་ཞུ་འདོད་བྱུང་། སྐྱེས་བུ་དམ་པ་རྣམས་ཀྱི་བཟང་པོའི་ཡོན་ཏན་དེ་དག་ང་ཚོས་གུས་ཤིང་བརྩེ་བའི་ངང་ནས་བསྟོད་པ་འབུལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་ང་ཚོ་བོད་པ་རྣམས་བསྟོད་བསྔགས་ཞུ་རྒྱུ་མཁས་པོ་ཞེ་དྲག་མེད་པ་དང་མདུན་ལ་བསྟོད་བསྔགས་ཞུས་ཏེ་རྒྱབ་ལ་སྨད་ར་བཏང་བ་ལྟ་བུ་འདུག མ་གཞི་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་དེ་དག་ངས་སྐར་མ་ཁ་ཤས་ཤིག་ནང་ཞུ་ཐུབ་རྒྱུ་མི་འདུག སྐུ་ཚེའི་སྟོད་དུ་ཆབ་སྲིད་ལས་དོན་གྱི་སྤྱི་ཚོགས་ཞབས་ཞུ་བ་སྙན་གྲགས་ཅན་ཞིག་བྱུང་ཡོད་པ་དང་སྐུ་ཚེའི་སྨད་དུ་རྣལ་འབྱོར་བ་ཆེན་པོ་ཞིག་ཡོང་རྒྱུའི་སྨོན་ལམ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་སྦེལ་ཇམ་བོད་རིགས་ཚོགས་པས་ང་ལ་ཐུགས་རྗེ་ཆེ་གསུང་རྒྱུའི་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་གྲ་སྒྲིག་གནང་བ་དེར་ཡ་རབས་བཟང་སྤྱོད་དང་མཐུན་པ་ཡིིན་ན་ཐུགས་རྗེ་ཆེ་ཞེས་ཞུ་དགོས་ཀྱི་ཡོད། འོན་ཀྱང་བསམ་བློའི་ནང་འཚེར་སྣང་བྱུང་བ་མ་གཏོགས་དགའ་སྤྲོ་དེ་ཙམ་མ་བྱུང་། ནམ་རྒྱུན་ནས་བསྟོད་བསྔགས་ལ་འཚེར་སྣང་ལས་དགའ་པོ་ཡོང་གི་མེད། ཝ་ཎར་བསླེབས་རྗེས་རྒྱ་གར་གཙུག་ལག་སློབ་གཉེར་ཁང་དེ་དག་གི་གཟེངས་བསྟོད་སྤྲོད་རྒྱུ་འགོ་ཚུགས་ཀྱང་། དེ་རིགས་ལེན་རྒྱུའི་མེད་པའི་ཆོད་སེམས་བཞག་པ་དེ་ད་ལྟ་ཕན་རྒྱ་གར་དང་རྒྱལ་སྤྱིའི་ནང་གཟེངས་རྟགས་དང་ལག་འཁྱེར་རིགས་ལེན་མི་དགོས་པ་གཙོ་དོན་ཞུ་གི་ཡོད། ད་ལོ་སྟབས་ཉེས་པ་ཞིག་ལ་དམ་བཅའ་དེ་ཤོར་བ་རེད། སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པས་ད་རེས་ང་ལ་ཐུགས་རྗེ་ཆེ་གསུང་དུས་སེམས་ནང་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་འདྲེས་མ་ཞིག་བྱུང་། སྦེལ་ཇམ་བོད་རིགས་ཚོགས་པས་ང་ལ་ཐུགས་རྗེ་ཆེ་གསུང་གི་རེད་བསམ་པ་ངའི་བསམ་བློའི་ནང་དྲན་མ་བྱུང། ཐེངས་ཤིག་༸གོང་ས་མཆོག་སྦེལ་ཇམ་ལ་ཆིབས་སྒྱུར་སྐྱོང་སྐབས་ང་རང་ཆིབས་ཞབས་སུ་བཅར་དུས་ཁོང་ཚོས་རེ་འདུན་མང་པོ་ཞིག་གནང་བ་རེད། ས་གནས་ཀྱི་ལག་འཁྱེར་རགས་རྒྱུའི་ཆེད་དོན་གཅོད་བརྒྱུད་ནས་བཙན་བྱོལ་གཞུང་གི་འདི་དང་འདི་གནང་དགོས་ཀྱི་འདུག་ཅེས་ང་ལ་ལམ་སྟོན་མང་པོ་གནང་བྱུང་། སྐབས་དེར་རྩ་བ་ནས་ཡོང་གི་མ་རེད་ཅེས་ཞུ་རྒྱུ་བྱུང་། སྤྱིར་ཁྱེད་རང་ཚོས་བྱས་པ་དྲིན་དུ་གསོ་བའི་བསམ་བློ་འཁོར་ཏེ་ཐུགས་རྗེ་ལེགས་འབུལ་གནང་བར་ཡ་རབས་བཟང་སྤྱོད་ཐོག་ནས་ཚོགས་སྐྱིད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཚོགས་པ་དང་། ཏྲེ་ཧོར་གཞིས་བྱེས་གཉིས་དང་། མདོ་ཁམས་ཚ་བ་གཞིས་བྱེས་གཉིས། བྲག་གཡབ་མི་མང། འབའ་བ་སྐྱིད་སྡུག ལི་ཐང་སྐྱིད་སྡུག ཁལ་མུཀ་བོད་རིགས་ཚོགས་པ། ཡུ་ཀེ་བོད་རིགས་ཚོགས་པ་སོགས་ཀྱི་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སམས་རགས།