ཕུལ་བྱུང་འཛིན་གྲྭ་དང་ལྷག་དཀར་སྲུང་བརྩི།

༢༠༢༠ ཟླ་ ༧ ཚེས་ ༤ ནས་ཚེས་ ༨ བར་ཉིན་གྲངས་བཞིའི་རིང་ཨར་གྷའོ་ས་གནས་སུ་ཐེངས་དང་པོར་དབྱར་དུས་ཕུལ་བྱུང་རིག་གནས་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཅིང་དངོས་སུ་མཉམ་ཞུགས་གནང་མཁན་གྱི་སློབ་མ་ ༣༥ བྱུང་ཡོད་པ་དེ་དག་ལས་སློབ་མ་བཞི་ཙམ་ས་གནས་ཛུ་རིག་དང་སོ་ལོ་ཐོན། སྦེན་བཅས་ཡིན།
སློབ་མ་ཐོ་འགོད་གནང་མཁན་ཚད་གཞི་དེ་ཕྲུག་གུ་ལོ་བཞི་ནས་བཅུ་བདུན་བར་ཡིན་པ་དང་དེ་ཡང་འཛིན་གྲྭ་ཁག་གསུམ་ལ་བགོས་པ་དཔེར་ན། དམའ་རིམ་འཛིན་གྲྭ འབྲིང་རིམ་འཛིན་གྲྭ མཐོ་རིམ་འཛིན་གྲྭ་བཅས་ཡིན། དམའ་རིམ་འཛིན་གྲྭའི་སློབ་མ་རྣམས་ལ་ཀ་མད་སུམ་ཅུ་དང་། མགོ་ཅན། འདོགས་ཅན་བཅས་དང་། འབྲིང་རིམ་འཛིན་གྲྭར་ཆ་མཚོན་ན་སྔོན་རྗེས་ཡང་གསུམ་གྱིས་གཙོས་མིང་ཚབ་དང་། བྱ་བའི་ཚིག་གྲོགས། ཨི་ལྡན་གྱི་ཕྲད་སྦྱོར་ཚུལ། རྒྱན་སྡུད་ཀྱི་ཕྲད་སྦྱོར་ཚུལ། མཐོ་རིམ་འཛིན་གྲྭར་གནས་ཚད་ཅུང་མཐོ་བའི་མིང་ཚབ་དང་། བྱ་བའི་ཚིག་གྲོགས། འབྲེལ་སྒྲ་དང་བྱེད་སྒྲའི་རྣམ་གཞག དེ་བཞིན་ཞེ་ས་བསྐྱོན་སྟངས་སོགས་ཡིན། འཛིན་གྲྭ་མཐོ་དམའ་འབྲིང་གསུམ་དེ་དག་ལ་ཐུན་མོང་གི་སློབ་ཚན་ནམ་ནང་ལས་ལྟ་བུ་ནི་མིང་ཚིག་ཕྱུག་པོར་འགྱུར་ཕྱིར་ཉིན་རེར་ཉེ་བར་འཁོ་བའི་ཚིག་གསར་དང་དེའི་རི་མོ་རྣམས་མཚོན་ཁྲ་ཅན་གྱི་བྱང་བུ་དུ་མ་འགྲེམས་སྤེལ་བྱས་ཡོད་པ་དང་། བོད་སྐད་ནང་ཡོད་པའི་བྱིས་པའི་བརྙན་ཐུང་སོགས་བསྟན་སྟེ་བརྙན་ཐུང་དེ་དག་གི་ནང་དོན་རྟོགས་ཕྱིར་སྒྲུང་ཤོད་རྒྱུའི་ལས་རིམ། དེ་བཞིན་ཉིན་རེར་ཡིག་གཟུགས་ཀྱི་མ་དཔེ་བཀུར་བ་སོགས་ཡིན།

དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་འཛིན་གྲྭ་ཚོགས་ཐེངས་མཐའ་མ་དེ་ཡང་ཚེས་བཟང་སྟེ་རྒྱལ་བའི་ལྷག་དཀར་འཁེལ་ཡོད་ཅིང་དུས་ཆེན་དེ་དང་བསྟུན་ཏེ་སློབ་ཕྲུག་དགེ་ལས་ཀྱིས་གཙོས་ཁྱིམ་བདག་ཕ་མ་ཡོངས་ནས་ལྷག་དཀར་སྲུང་བརྩི་ཞུ་ཕྱིར་བོད་ཆས་བཟང་པོས་སྤྲས་ཡོད་པ་དང་། ཉིན་ལྔའི་རིག་གནས་འཛིན་གྲྭ་དེ་བཞིན་འཇུག་བསྡུ་མཚམས་སློབ་ཕྲུག་ཡོངས་ནས་༧རྒྱལ་བའི་གསོལ་འདེབས་འུར་འདོན་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་བཞིན་སློབ་ཕྲུག་ཡོངས་ལ་ལེགས་སྐྱེས་དང་ཕྱག་འཁྱེར་སོགས་ཨར་གྷའོ་ས་གནས་ཚོགས་ཆུང་དང་བོད་སློབ་ཀྱི་དགེ་ལས་ཐུན་མོང་ནས་གསོལ་སྩལ་ཞུས།
མཐར་བཀྲ་ཤིས་ལོ་ལེགས་ཡོང་ཕྱིར་རྟེན་འབྲེལ་གྱི་ཚུལ་དུ་སྲོལ་རྒྱུན་སྟོད་གཞས་ཐམས་ཅད་མཁྱེན་པ་སོགས་སྐོར་བྲོ་དག་ལ་རོལ་ནས་དབྱར་དུས་ཕུལ་བྱུང་རིག་གནས་འཛིན་གྲྭ་རྣམ་པར་རྒྱལ་བའི་ངང་གྲོལ་ལོ། ། ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སམས་རགས།