ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་ཆེན།
༄༅སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ པའི་ཚེས་༡༣་ཉིན་སུད་སིའི་་ས་གནས་ཛི་རིག་གི་བྷུའི་ལག་ཚོགས་་ཁང་ནང་ ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༦་ཧྲིལ་བོ་ཌྷཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
མཛད་སྒོ་ཡི་ཐོག་མ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་མངའ་གསོལ་མཛད་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་པས་སྣེ་ཁྲིད་འོག་མང་ཚོགས་ཀྱིས་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་སོགས་གྱེར་གནང་སོང།
དེ་ཉིན་གྱི་མཛད་རིམ་ཁྲོད་ཚོགས་པ་སྐྱིད་སྡུག་ཁག་དང་ཆོལ་ཁ་གསུམ། ས་གནས་ཁག་སོ་སོའི་བོད་ཡིག་སློབ་གྲྭ་ཁག་ནས་གཞས་སྣ་གྱ་ནོམ་པ་ཞིག་གཟིགས་འབུལ་ཞུས་སོང་།
སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཆོས་བཟང་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་འཁོད་དོན། ༼ནོ་སྦེལ་ལྷན་ཚོགས་ཀྱིས་འཛམ་གླིང་དུ་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་འབུལ་དགོས་པའི་རྒྱུ་མཚན་༽ལྷན་ཚོགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རང་དབང་བརྩོན་ལེན་གནང་སྐབས་འཚེ་བའི་ལས་རྩོམ་རྒྱུར་དུས་དང་རྣམ་པ་ཀུན་ཏུ་ངོ་རྒོལ་གནང་ཡོད་པ་དང་། ཁོང་གིས་བཟོད་སྒོམ་དང་ཕན་ཚུན་བརྩི་བཀུར་གཞི་ལ་བཞག་པའི་ཞི་འདུམ་གྱི་ཐབས་ལམ་བརྒྱུད་ནས། ཁོང་གི་མི་མང་གི་ལོ་རྒྱུས་དང་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུར་སྐུལ་མ་གནང་ཡོད་པ་དེ་ནན་བཤད་བྱེད་འདོད་བྱུང།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་རིག་པའི་གཞུང་ལུགས་ནི་སེམས་ཅན་ཐམས་ཅད་ལ་སྙིང་ནས་བརྩི་མཐོང་བྱེད་པ་དང་། ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀར་ཁྱབ་པའི་འགན་འཁུར་གྱི་འདུ་ཤེས་ཐོག་ནས་བྱུང་བ་ཞིག་ཡིན་ལ། ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་སྤྱིའི་རྩོད་རྙོག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། འཛམ་གླིང་གི་ཁོར་ཡུག་གི་དཀའ་ངལ་བཅས་སེལ་ཐབས་སུ་དགེ་མཚན་ལྡན་པ་དང་མ་འོངས་མངོན་གཟིགས་ཀྱི་གྲོས་འགོ་འདོན་གནང་མཛད་ཡོད་པར་ངོས་འཛིན་ཞུས་ཡོད་ཅེས་གསལ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོར་གསུང་བཤད་སྩལ་བའི་ནང་། “གཟེངས་བསྟོད་འདིས་བདེན་པ་དང༌། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་བསྐྱར་སྲ་བརྟན་དུ་ཕྱིན་ཡོད།” “་་་འདས་པའི་ལོ་ངོ་བཞི་བཅུ་ཐམ་པའི་བཙན་དབང་རིང་ང་ཚོའི་མི་དམངས་ནས་དཀའ་སྡུག་ཇི་ལྟར་མྱངས་པ་རྣམས་ལོ་རྒྱུས་ཡིག་ཆའི་ཐོག་ཞིབ་གསལ་འཁོད་ཡོད། ང་ཚོའི་འཐབ་རྩོད་དེ་ནི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་རེད། ང་ཚོའི་རྩ་དོན་དེ་བཞིན་དྲང་བདེན་ཡིན་པ་ང་ཚོས་ཤེས་ཀྱི་ཡོད།”ཅེས་ཕེབས་ཡོད། “གཟེངས་བསྟོད་འདིས་བདེན་པ་དང༌། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་བསྐྱར་སྲ་བརྟན་དུ་ཕྱིན་ཡོད།” “་་་འདས་པའི་ལོ་ངོ་བཞི་བཅུ་ཐམ་པའི་བཙན་དབང་རིང་ང་ཚོའི་མི་དམངས་ནས་དཀའ་སྡུག་ཇི་ལྟར་མྱངས་པ་རྣམས་ལོ་རྒྱུས་ཡིག་ཆའི་ཐོག་ཞིབ་གསལ་འཁོད་ཡོད། ང་ཚོའི་འཐབ་རྩོད་དེ་ནི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་རེད། ང་ཚོའི་རྩ་དོན་དེ་བཞིན་དྲང་བདེན་ཡིན་པ་ང་ཚོས་ཤེས་ཀྱི་ཡོད།”ཅེས་ཕེབས་ཡོད།
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་དུས་སྟོན་འདིར་རྗེས་དྲན་བྱེད་པའི་དགོས་དམིགས་གཙོ་བོ་སྐོར་གསུངས་དོན།
འཛམ་གླིང་འདིར་འཁྲུག་རྩོད་དང་། སྡང་འཁོན། འཇིགས་དངངས་ཀྱི་སྨག་རུམ་སྟུག་པོས་གཡོག་བཞིན་པའི་སྐབས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས། ངེད་ཅག་འགྲོ་བ་ཡོངས་ལ་བྱམས་བརྩེ་དང་། ཤེས་རབ། འགན་ཁུར་ལ་བརྟེན་ནས་དོན་དམ་གྱི་ཞི་བདེའི་ལམ་བུ་ལག་ལེན་བསྟར་རུང་ཞིག་བསྟན་གནང་ཡོད་པ་འདིར་སློབ་གཉེར་དང་། ཉམས་ལེན་ལ་འབད་བརྩོན་ཞུ་རྒྱུ་དེ་ཡིན་པ་སྨོས་ག་ལ་དགོས། འགྲོ་བ་མི་རྣམས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྤྱི་ཚོགས་ཤིག་ཡིན་པས། འཛམ་གླིང་ཞི་བདེ་ཡོང་བར་སྐྱེ་བོ་སོ་སོས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲིའི་བསམ་བློས་མི་གཞན་དང་རང་བྱུང་ཁོར་ཡུག་ལ་བཟང་སྤྱོད་ཀྱི་འགན་ཁུར་ལེན་ཐུབ་མིན་ལ་རག་ལས་པར་དགོངས་ཀྱི་ཡོད་ཅིང་། དེ་བས་ནང་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ། འཛམ་གླིང་གི་ཞི་བདེ་བཅས་ཀྱི་རིམ་པ་གསུམ་གྱི་གྲུབ་ཆ་བཏོན་ཏེ། འཛམ་གླིང་ཞི་བདེའི་འགོ་འཛུགས་ས་ནི་མི་སྒེར་གྱི་བྱམས་བརྩེ་དང་། བཟང་སྤྱོད། འཇིག་རྟེན་ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་སྐྱེད་སྲིང་གིས། སྤྱི་ཚོགས་ལ་ཞི་བདེའི་རྨང་གཞི་བསྐྲུན་རྒྱུ་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་གོ་རྟོགས་དང་། སློབ་གསོ་ལམ་ལུགས་ནང་དུ་སྤྱི་སེམས་བཟང་གསུམ་གྱི་ (SEE-Learning) སློབ་གཉེར་འཛུགས་སྐྱོང་ལ་སྐུལ་འདེད། རྒྱལ་སྤྱིའི་འགལ་ཟླ་དང་རྩོད་རྙོག་སེལ་བར་འཚེ་བ་མེད་པ་དང་གྲོས་མོལ་གྱི་ཐབས་ལམ་གཞི་འཛིན་དགོས་གལ་ནན་གསུང་གནང་བཞིན་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ནི་འཛམ་གླིང་ཞི་བདེའི་གནད་དོན་གཙོ་བོ་ཞིག་ཏུ་བརྩིས་གནང་ཡོད་པས། ཁོང་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས་དེང་རབས་ཀྱི་འཛམ་གླིང་འདིར་འཚེ་བ་དང་འགལ་ཟླའི་ཁྲོད་དུ་ཞི་འཇམ་དང་རྒྱུ་མཚན་ལྡན་པའི་འདེམས་ཀ་ཞིག་མཁོ་སྤྲོད་མཛད་ཡོད་ཅིང་། དེའི་དཔེ་མཚོན་གསོན་པོ་ཞིག་ནི། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། བོད་མི་རིགས་རྩ་མེད་ཀྱི་སྲིད་ཇུས་གཅིག་མཇུག་གཉིས་མཐུད་དུ་བརྩམས་དང་རྩོམ་བཞིན་པའི་རྒྱ་དམར་གཞུང་ལའང་འཚེ་མེད་ཞི་བའི་རྩ་དོན་བརྟན་བཟུང་ཐོག་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་གནང་བཞིན་པར་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིས་ཉམས་ལེན་ཞུ་བཞིན་པ་འདི་ཡིན་སོགས་གསུངས་འདུག།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།