ནང་ཆོས་ཀྱི་གཟབ་སྦྱོང་།

དེ་རིང་ ༢༠༡༩ ཟླ་ ༥ ཚེས་ ༡༡ ཉིན་རི་ཀོན་ཆོས་འཁོར་དགོན་དང་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ཐུན་མོང་ནས་རི་ཀོན་ཆོས་འཁོར་དགོན་དུ་ཨར་གྷའོ་ས་གནས་བོད་སློབ་ཀྱི་སློབ་ཕྲུག་དང་ཕ་མ་རྣམ་པར་ནང་ཆོས་ཀྱི་གཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ་དང་། ཚོགས་བཅར་བ་སློབ་ཕྲུག་དང་། ཕ་མ། དགེ་རྒན། རྒྱུན་ལས་བཅས་ཁྱོན་མི་གྲངས་ ༦༥ ཕེབས་ཡོད། དེ་རིང་གི་ནང་ཆོས་གཟབ་སྦྱོང་སྐབས་ཀྱི་བརྗོད་གཞི་གཙོ་བོ་ནི་མི་དགེ་བ་བཅུའི་སྐོར་དང་དེ་དག་སྤོང་ཐབས་སྐོར། འཛམ་གླིང་སྤྱིའི་ཆོས་ལུགས་དང་ཁྱད་པར་དུ་ནང་པའི་ཆོས་ལུགས་དང་དེ་དག་ནང་གསེས་སུ་གཏོགས་པའི་ཆོས་བརྒྱུད་ཆེན་པོ་ལྔའི་སྐོར། ནང་པ་ཞིག་ཡིན་པའི་ཆ་ནས་ཕྱག་འཚལ་སྟངས་ཚུན་ཆད་དང་སྒོམ་བརྒྱབ་སྟངས་སྐོར་སོགས་དང་དེ་བཞིན་དྲི་བ་དྲིས་ལན་གྱི་ལེ་ཚན་བཅས་ཡིན་འདུག ཉིན་རྒྱབ་ཕ་མ་རྣམས་ལའང་ནང་ཆོས་ཀྱི་འཛིན་གྲྭ་དང་དེ་བཞིན་དྲི་བ་དྲིས་ལན་གྱི་ལེ་ཚན་ཡང་ཡོད་འདུག སྔ་དྲོར་ཕ་མ་རྣམས་ལ་འཛིན་གྲྭ་དམིགས་གསལ་མེད་པར་བརྟེན་༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཁག་གསོག་སྒྲུབ་གནང་ཡོད། དེ་བཞིན་གསོལ་ཐབ་ནང་དུ་ཨར་གྷའོ་ཚོགས་ཆུང་གི་རྒྱུན་ལས་རྣམ་པ་དང་དེ་བཞིན་ཕ་མ་ཁག་ཅིག་ནས་ཐུགས་འགན་བཞེས་ནས་རོ་བཅུད་ལྡན་པའི་དཀར་ཟས་ཀྱི་གསོལ་ཚིགས་ཚོགས་གཅར་བ་དང་མཁན་བླ་དགེ་འདུན་ཡོངས་ལ་འདེགས་འབུལ་ཞུས། སློབ་ཕྲུག་དང་ཕ་མ་རྣམ་པ་ཚང་མས་དེ་རིང་སྔར་དང་མི་འདྲ་བར་ནང་ཆོས་ཀྱི་འཛིན་གྲྭར་དོ་དབྱིངས་དང་དེ་བཞིན་བློ་ཡིད་ཚིམས་སོང་ཅེས་བརྗོད་མཁན་ཡང་མང་པོ་བྱུང་སོང་། མདོར་ན་དེ་རིང་སྐལ་བཟང་གི་ཉིན་མོར་ཨར་གྷའོ་བོད་སློབ་ཀྱི་ཕ་མ་དང་དགེ་རྒན་རྣམས་ནས་ཕྱག་རོགས་ཧུར་ཐག་གནང་བར་བརྟེན་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཏུ་གྱུརད། གོ་སྐབས་འདི་དང་བསྟུན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་པ་རྣམ་པ་དང་དེ་བཞིན་དགོན་པའི་འཛིན་སྐྱོང་ལས་སྣེ་ལྕམ་སྐུ་ཀརྨ་བློ་བཟང་ལགས་བཅས་ལ་དེ་རིང་གི་ནང་ཆོས་གཟབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་སོགས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ། དེ་བཞིན་ཚོགས་བཅར་བ་ཡོངས་ཀྱི་ཆེད་མེ་འཁོར་འགྲིམ་འགྲུལ་གྱི་འགྲོ་སོང་ཡང་ཨར་གྷའོ་ས་གནས་ཚོགས་ཆུང་ནས་གནང་བར་ཐུགས་རྗེ་ཆེ་ཞུ། དེ་རིང་རླབས་ཆེན་གྱི་ཉིན་མོར་དགེ་ཚོགས་གང་བསགས་པ་ཐམས་ཅད་འཇིག་རྟེན་མུན་པ་སེལ་ཕྱིར་བསྔོ་བར་བྱ།
ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས་གོང་ཚེས་ཉིན་སྤེལད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སམས་རགས།