ན་གཞོན་རྡོ་པོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ།
ཟླ་འདིའི་ཚེས་ ༤ ཉིན་བོད་རྔ་བ་རྫོང་ནང་སླར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་མི་འདོད་པའི་ཞུ་འབོད་སླད། རང་ལོ་ ༢༣ སོན་པའི་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ཡོངས་རྫོགས་བློས་བཏང་གིས་རང་གི་ལུས་པོ་མེར་སྲེག་སྟེ་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་གནང་མཐར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གློག་བཞུ་འོད་ལྡན་གྱི་ཁྲོམ་སྐོར་གནང་།ཕྱི་ལོ་ ༢༠༡༨ ཟླ་ ༡༡ པའི་ཚེས་ ༡༦ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༡༨།༠༠ ཀྱི་ཐོག་སུད་སི་ཛུ་རིག་གྲོང་ཁྱེར་ཚོགས་ཁང་ (Rathauseplatz Zürich) མདུན་ཐང་དུ་ཚང་འཛོམས་ཀྱིས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་སྣེ་འཁྲིད་དེ་ཞི་བའི་གློག་བཞུ་འོད་ལྡན་གྱི་ཁྲོམ་སྐོར་དབུ་འཛུགས། ཁྲོམ་སྐོར་ནང་སྤྱི་ཟུར་རྣམ་པ་བཞི་དང་། ས་གནས་བོད་ཀྱི་བུད་མེད་ཚོགས་གཙོ། སུད་བོད་མཐུན་གྲོགས་ཀྱི་ཚོགས་མི། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། བོད་མི་དང་ཡུལ་མི། བོད་པར་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་མི་རིགས་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་བཞུགས་གནང་སྟེ། རྒྱ་ནག་གཞུང་ཚབ་མདུན་བར་ལག་ན་གློག་བཞུ་མི་འདྲ་བ་ཐོགས་ཏེ་དུས་ཡུན་ཆུ་ཚོད་གཅིག་ལྷག་གློག་བཞུ་འོད་ལྡན་གྱི་ཁྲོམ་སྐོར་གནང་། ལས་འགུལ་བ་ཚོས་བོད་ནང་རང་དབང་དགོས། བོད་ཀྱི་ཚབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས། བོད་རྒྱ་ཞི་མོལ་མྱུར་དུ་དགོས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་སོགས་ཀྱི་དགོས་འདུན་དོན་ཚན་ཁག་གསུང་བཞིན་ཞི་བའི་གོམ་བགྲོད་གནང་།རྒྱ་ནག་གཞུང་ཚབ་མདུན་དུ་འབྱོར་མཚམས་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གི་ལས་འགུལ་ངོ་སྤྲོད་ནང་།
འདས་པོ་ཁོང་གི་ལོ་རྒྱུས་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཀྱི་གསུང་བཤད། དེ་རྗེས་སུད་སིར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པས་འདས་པོ་ཁོང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་བློས་གཏང་གནང་བར་གདུང་སེམས་མཉམ་སྐྱེད་དང་ཚོར་ཤུགས་ཆེན་པོས་གསུང་དོན། འདས་པོ་ཁོང་གི་ཀུན་སློང་ལ་སྐྱོན་གྱི་དྲི་མ་ཙམ་ཡང་མེད་པར་བོད་བསྟན་སྲིད་ཁོ་ནའི་དོན་དུ་རང་ལུས་མེར་སྲེག་གནང་བ་ནི་བློས་གཏང་ཆེན་པོ་ཡིན་ན། བོད་མི་ཡོད་དོ་ཅོག་གིས་བསྔོ་སྨོན་གསུང་རྒྱུ་དང་གདུང་སེམས་མཉམ་ཞུ་རྒྱུ་ཡིན། མ་འོངས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་སུ་ཞིག་ནས་དེ་ལྟའི་རང་ལུས་མེར་སྲེག་མི་གནང་བའི་འབོད་སྐུལ་ཤུགས་ཆེ་ཞུས་སོང་། ཚོགས་གཙོ་དང་འཐུས་མི་ཁག་ཅིག་གིས་དོན་ཚན་གསུམ་ཅན་གྱི་ཞུ་ཡིག་ཅིག་རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱེལ། མཇུག་ཏུ་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས། འདས་པོ་ཁོང་གིས་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་སླར་ཡང་བོད་མི་ཞིག་དང་། བོད་ཀྱི་བསྟན་པ་ཆབ་སྲིད་ལ་སྨན་པའི་སྐྱེས་བུ་ཚད་ལྡན་ཞིག་ལ་སྐྱེ་བ་བཞེས་པའི་སྨོན་འདུན་དང་ཆབས་གཅིག་བདེན་ཚིག་སྨོན་ལམ་གསུངས་ནས་དགོང་དྲོ་ཆུ་ཚོད་ ༢༠།༣༠ ཙམ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མཇུག་བསྒྲིལ།
བཞུགས་སྒར་རྡ་སར་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གཞིར་བཟུང་བྱས་ན། རྡོ་པོ་ལགས་ནི་བོད་རྔ་བ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་ཞིང་། རང་ལོ་ ༢༣ དང་། ཕ་མིང་ལ་གཅོད་པ་དང་། མ་མིང་ལ་འཕྲིན་ལས་སྐྱིད་ཟེར། འདས་པོ་ཁོང་སྐུ་འཚོ་བཞུགས་སྐབས་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ཁྱིམ་དུ་གཏན་སྡོད་བྱས་ནས་ཡོད།
གནས་ཚུལ་མཁོ་གཏོང་བ། སྤྱི་ཟུར་ལྡུམ་ར་ཆོས་རྒྱལ་བསྟན་འཛིན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།