དབྱིན་ཇི་སྲིད་བློན་མཆོག་གི་ནད་གཞི་སྐྱོ་རུ་སོང་སྟེ་སྨན་ཁང་དུ་སྐྱེལ་འདུག
དབྱིན་ཇི་སྲིད་བློན་བྷོ་རི་སི་ཇོ་སོན་( Boris Johnson) མཆོག་ལ་ཏོག་དབྱིབས་ནད་ཡམས་ཕོག་སྟེ་ཉིན་ཤས་སོང་བའི་དེ་རིང་སྟེ། ཕྱི་ཚེས་༦ ཉིན་དབྱིན་ཡུལ་གྱི་ཕྱི་དྲོའི་ཆུ་ཚོད་༤ ཙམ་ནས་ནད་གཞིའི་གནས་སྟངས་སྐྱོ་རུ་སོང་སྟེ། ནད་ལྕིའི་ལྟ་སྐྱོང་སྨན་ཁང་དུ་སྐྱེལ་ཡོད་འདུག
ད་ལྟ་རང་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཚ་གླེང་བྱེད་བཞིན་པ་ནི། དགུང་གྲངས་༥༥ ཡིན་པའི་དབྱིན་ཇིའི་སྲིད་བློན་བྷོ་རི་སུ་ཇོན་སོན་མཆོག་ལ་ཏོག་དབྱིབས་ནད་ཡམས་ཀྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ། དེ་རིང་ཕྱི་དྲོ་ཆུ་ཚོད་༤ ཙམ་ལ་ལོན་ཏོན་གྲོང་ཁྱེར་གྱི་ནད་པ་ལྕི་མོའི་རིགས་ལྟ་སྐྱོང་བྱེད་སའི་སྨན་ཁང་དུ་སྐྱེལ་ཡོད་འདུག་ལ། ཁོང་གི་མགྲིན་ཚབ་པས་ད་ལྟ་ཁོང་གི་ནད་གཞི་ཅུང་ཇེ་སྡུག་དུ་ཕྱིན་སོང་། ད་ལྟ་ང་ཚོས་སྨན་ཁང་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཟེར་བ་ཙམ་ལས། སྨན་ཁང་གི་འབྲེལ་ཡོད་མི་སྣ་སུས་ཀྱང་ནད་གཞིའི་གནས་སྟངས་ཐད་གསལ་བཤད་གནང་མི་འདུག སྲིད་བློན་མཆོག་གི་གནས་སྐབས་ལས་ཚབ་ཏུ་ཕྱི་སྲིད་བློན་ཆེན་ཊོ་མི་ནེ་ཁུ་ར་བྷི (Dominic Raab) ལགས་ཀྱིས་འགན་འཁུར་བཞིན་ཡོད་སྐོར་རྗོད་ཀྱིན་འདུག
ཁོང་གིས་ཟླ་༤ ཚེས་༣ རེས་གཟའ་པ་སངས་ཉིན་ཁོང་གིས་ཀྲུ་ཊར་Twitter བརྒྱུད་བརྙན་ལམ་ནས་མི་མང་ལ་གཏམ་བཤད་ཐུང་ཐུང་ཞིག་བྱས་པའི་ནང་། ཁོང་གི་ནད་གཞི་ཛ་དྲག་མིན་པ་དང་། ངས་མི་མཐུད་སྲིད་བློན་གྱི་ལས་འགན་བྱེད་མུས་ཡིན། མི་མང་རྣམས་ཀྱི་ནད་ཡམས་སྔོན་འགོག་ལ་གཟབ་ནན་བྱ་དགོས་པ་དང་། ངེས་པར་ནང་ནས་སྡོད་དགོས་པའི་འབོད་སྐུལ་སོགས་གནང་ཡོད་འདུག
བརྙན་ཐུང་དེ་བརྒྱུད་མི་མང་གིས་ཁོང་གི་ནད་གཞིའི་གནས་སྟངས་ཛ་དྲག་མིན་པ་དང་། ཁོང་གི་སྐད་གདངས་དང་རྣམ་འགྱུར་བཅས་ཡག་པོ་ཡོད་པའི་ཐད་མི་མང་གིས་སེམས་འཚབ་བྱ་མི་དགོས་པའི་སྣང་ཚུལ་བྱུང་ཡང་། དེ་རིང་གློ་བུར་ནད་གཞིའི་གནས་སྟངས་སྐྱོ་རུ་སོང་བ་འདིས་དབྱིན་ཡུལ་མི་མང་ལ་བློ་འཚབ་དང་། འཇིགས་སྣང་གི་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པའི་སྐོར་གླེང་སློང་བྱེད་ཀྱིན་འདུག ཁོང་གི་ནད་གཞི་གློ་བུར་ཇེ་སྡུག་ཏུ་ཕྱིན་པའི་ཐད། སི་ཁོ་ཊི་ལན་སྤྱི་ཁྱབ་བློན་ཆེན་ནེ་ཁོ་ལ (Nicola Sturgeo)་ལགས་དང་། དཔལ་འབྱོར་བློན་ཆེན་སོགས་ཀྱིས་ཀྱང་ཀྲུ་ཊར་Twitter བརྒྱུད། སྲིན་བློན་མཆོག་གི་ནད་གཞི་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ཚིག་སྤེལ་ཡོད་འདུག
གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།