དཔལ་ལྡན་བཀའ་བློན་ཁྲི་པའི་ལོ་གསར་འཚམས་འདྲི།

༢༠༡༢ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༩ རབ་གནས་ཆུ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་གཞིས་བྱེས་བོད་མི་ཡོངས་ལ་བཀའ་ཤག་ནས་འཚམས་འདྲི་ཡོད། ཚང་མས་མཁྱེན་གསལ་རེད། དེ་སྔོན་འབོད་སྐུལ་ཞུས་པ་ལྟར་ད་རེས་ལོ་གསར་སྐབས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལས་དགའ་སྤྲོ་དང་ཐུགས་སྤྲོའི་རིགས་མ་གནང་རོགས་ཞེས་ཞུས་པ་རེད། དམིགས་བསལ་ད་ལྟའི་ཆར་གནས་ཚུལ་གོ་བར་གཞིགས་ན་བོད་ནང་ས་ཕྱོགས་གང་སར་དམག་མི་འབོར་ཆེན་གཏོང་བཞིན་ཡོད་པ་དང་། ཕྱི་རྒྱལ་མི་སྣ་བོད་ནང་འགྲོ་མ་བཅུག་པ། གསར་འགོད་པ་ཡང་འགྲོ་ཆོག་གི་མེད། དེ་བཞིན་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཡང་དམ་བསྒྲགས་ཀྱིས་མི་ཉུང་ཤས་ཤིག་ལས་འགྲོ་ཆོག་གི་མེད་པ་འདྲ། གནས་སྟངས་འདི་འདྲའི་འོག་བོད་ནང་གནས་ཚུལ་གང་འདྲ་ཆགས་ཡོང་སྙམ་སེམས་འཚབ་ཤུགས་ཆེན་པོ་ཞེ་དྲག་འདུག དེར་བརྟེན་ལོ་གསར་རིང་ཚེས་ ༣ དང་། ཚེས་ ༨ ཚེས་ ༡༠ ཚེས་ ༡༥ བཅས་ལ་བྱུང་ན་དགོན་སྡེ་ཁག་ལ་ཕེབས་ཏེ་ཆོས་ཕྱོགས་ཀྱི་ལས་འགུལ་སྤེལ་ནས་བོད་ནང་བཞུགས་པའི་བོད་མི་ཚོར་སྨོན་འདུན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། དེ་བཞིན་གསུམ་བཅུའི་དུས་དྲན་གྱིས་མཚོན་པའི་ལས་འགུལ་ཁག་ཡོང་རྒྱུར་སོང་། དེ་སྐབས་བཀའ་སྤྱི་གཉིས་ནས་འབོད་སྐུལ་ཞུས་པ་ལྟར། ལས་འགུལ་སྤེལ་སྐབས་ཞི་བའི་སྒོ་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ། ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ཐོག་ནས་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། འཚེ་མེད་ཞི་བའི་ལམ་ནི་ང་ཚོའི་འགྱུར་བ་མེད་པའི་ལངས་ཕྱོགས་རེད། དེར་བརྟེན་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་ཞི་བའི་སྒོ་ནས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་བྱེད་རྒྱུ་དེ། ཕུགས་རྒྱང་རིང་པོར་གཟིགས་ན་ཁྲིམས་མཐུན་ཐོག་ལས་འགུལ་སྤེལ་བ་ཡིན་ན་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་ཡོང་གི་རེད་སྙམ་པའི་རེ་བ་ཡོད། ཆེ་མཐོང་དང་གཟི་བརྗིད་ལྡན་པའི་སྒོ་ནས་གནང་རོགས་ཟེར་དུས། གཞི་རྩའི་ཆ་ནས་ང་ཚོའི་རྩ་དོན་རྩོད་རྒྱུ་དེ་བོད་མི་ཚོར་རང་དབང་དང་ཆེ་མཐོང་དགོས་ཡོད་ཅེས་རྩོད་ཀྱི་ཡོད། སོ་སོར་ཆེ་མཐོང་དགོས་ཀྱི་ཡོད་ན་ལས་འགུལ་སྤེལ་སྐབས་ཀྱང་ཆེ་མཐོང་ལྡན་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དག་ཐུགས་ལ་བཞག་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་ཡིན། དམིགས་བསལ་ཨ་རི་ནས་འགོ་བཙུགས་ཏེ། Tibet Lobby Day ཟེར་བའི་ལས་འགུལ་ཞིག་སྤེལ་ཡོད། དེ་རིགས་ད་ལྟ་ཡག་ཐག་ཆོད་འགྲོ་གི་ཡོད། རྒྱལ་ཁབ་ཁག་འགའ་ཤས་ནང་འགྲོ་གི་འདུག དེ་རིགས་གང་མང་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་དམིགས་བསལ་འགན་ཁུར་བའི་ཐོག་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་ཕེབས་ཏེ། གྲོས་ཚོགས་འཐུས་མི་ཚོར་བོད་དོན་སྐོར་ཁ་གསལ་ཐོག་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དེ་གལ་ཆེན་པོ་འདུག གནད་ཡོད་མི་སྣ་གང་མང་གིས་བོད་དོན་སྐོར་མཁྱེན་པ་ཡིན་ན་རྒྱབ་སྐྱོར་རག་རྒྱུར་ཏན་ཏན་ཐུགས་ཕན་གསོས་པ་ཡོང་གི་རེད་བསམ་གྱི་འདུག ལྷ་རབ་བྱུང་ན་གྲོས་ཚོགས་ནང་གྲོས་ཆོད་བཞག་ཐུབ་པ་དང་། དེ་ལྟར་མ་བྱུང་ནའང་བགྲོ་གླེང་གནང་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། བོད་ནང་མི་མང་པོས་རང་སྲོག་བློས་བཏང་གི་ཡོད། ཁོང་ཚོའི་འབོད་སྒྲ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཁྱེན་རྟོགས་ཐུབ་པ་བཟོ་རྒྱུ་དེ་ང་ཚོའི་དམིགས་བསལ་ལས་འགན་ཆགས་ཡོད། དེར་བརྟེན་བཀའ་ཤག་གིས་ནན་ཏན་ཞུ་རྒྱུར་གང་ཐུབ་ Tibet Lobby Day [ནང་འཛུལ་ཞུགས་གནང་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་ཡིན། མཐའ་དོན་ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཁྱོན་ཡོངས་ལ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རོགས་ཞེས་བཀའ་སྤྱི་གཉིས་ཀྱིས་འབོད་སྐུལ་ཞུས་པ་ལྟར། བོད་མི་མང་པོ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཕྱི་རྒྱལ་མི་སྣ་མང་པོས་འཛུལ་ཞུགས་གནང་འདུག གནས་ཚུལ་གོ་བར་གཞིགས་ན་ས་གནས་བརྒྱ་ཕྲག་ཁ་ཤས་ནང་མི་སྟོང་ཕྲག་མང་པོས་མཉམ་ཞུགས་གནང་འདུག དེ་བཞིན་གྲོས་ཆོད་བཞག་ཐུབ་པ་དང་། བགྲོ་གླེང་དེ་འདྲ་གནང་ཐུབ་པ་བྱུང་འདུག དེར་བརྟེན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་དང་དམིགས་བསལ་འགན་འཁྱེར་མཁན་ཚོར་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་མུ་མཐུད་འགན་ཁུར་བའི་ཐོག་ནས་འཛུལ་ཞུགས་གནང་རོགས་གནང་ཞེས་རེ་འདུན་ཞུ་རྒྱུ་ཡིན། མཐའ་དོན་བོད་ནང་བསྟན་སྲིད་མི་རིགས་ཀྱི་དོན་དུ་བློས་གཏོང་གནང་མཁན་ཚོར་ཞུ་རྒྱུར། རྣམ་པ་ཚོས་སྐུ་ལས་བསྐྱོན་པ་རྣམས་ཆུད་ཟོས་སུ་མ་འགྲོ་བའི་ང་ཚོས་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཞུ་རྒྱུ་དང་། ལོ་གསར་པ་འདིའི་ནང་བོད་དོན་བདེན་མཐའ་གསལ་ཐུབ་པའི་སྨོན་འདུན་ཞུ་གི་ཡོད། ཐུགས་རྗེ་ཆེ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སམས་རགས།