དཔའ་བོ་བཀྲ་ཤིས་རྣམ་རྒྱལ་སྐུ་གཤེགས་པར་སུད་སིའི་བོད་རིགས་མི་མང་གིས་འདས་མཆོད་བསྒྲུབས།

དཔའ་བོ་བཀྲ་ཤིས་རྣམ་རྒྱལ་གྱིས་བོད་མི་རིགས་དང་རྩ་དོན་གྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་བཏང་བའི་བདུན་ཚིགས་དང་པོ་དང་བསྟུན་ནས་ལུ་ཛེརན་ས་གནས་ཚོགས་ཆུང་གིས་ Reuszopfweg 14 ཞེས་པའི་ས་གནས་སུ་འདས་པོ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་བྱས་འདུག  མཆོད་འབུལ་སྨོན་ལམ་འཚོགས་སའི་ས་ནི་འདས་པོ་ཁོང་གི་ལུས་སྲོག་བློས་བཏང་བྱས་སའི་ས་ཡིན་འདུག

ཟླ་འདིའི་ཚེས་༡༤ ཉིན་རི་ཀོང་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམ་གདན་འདྲེན་གྱིས་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང་འཐུས་མི་ཁག་ཅིག  སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐྰོ་མ་སི། དེ་བཞིན་ཕྱོགས་སོ་སོ་ནས་ཕེབས་པའི་མི་མང་༢༠༠ ལྷག་གིས་འདས་པོ་ཁོང་ལ་མཆོད་འབུལ་སྨོན་ལམ་འཚོགས་འདུག

བོད་རིགས་མི་མང་ཚོགས་གཙོ་མཆོག་གིས་འདས་མཆོད་དུ་ཕེབས་མཁན་རྣམས་ལ་འདས་པོ་ཁོང་གི་རང་སྲོག་བློས་བཏང་བ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པ་ཁོ་བོས་བཞག་པའི་ཁ་ཆེམ་ཡི་གེར་ལས་ར་འཕྲོད་ཐུབ་པ་ངོ་སྤྲོད་དང་བསྒྲགས་རང་ཉིད་ཀྱི་དགོངས་ཚུལ་ལྷུག་པོར་གསུངས།

འདས་པོ་ཁོང་གིས་བཞག་པའི་ཁ་ཆེམ་ནི་སྣ་གཉིས་སྟེ་གཅིག་ནི་རྒྱལ་ཚོགས་ཀྱི་བོད་པའི་གནད་དོན་ཐད་རྒྱབ་སྐྱོར་གནང་དགོས་པའི་རྒྱལ་ཚོགས་ལ་ཞུ་ཡིག་དང་། ཅིག་ཤོས་ནི་སུད་སིས་བོད་པའི་སྐྱབས་བཅོལ་བ་༣༠༠ ལྷག་ཕྱིར་ཕུད་རྩིས་བྱེད་ཀྱིན་པའི་ཐད་ལ་བོད་པ་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་དགོས་པའི་ཐད་སུད་སིའི་གཞུང་ལ་བཏོན་པའི་དགེ་འདུན་ཡི་གེ་ཡིན་འདུག  བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཐབས་ཤེས་གང་ཡོད་བཏོན་ནས་ཁོང་གི་བཏོན་པའི་དགེ་འདུན་ཡིག་ཆ་རག་ཐབས་བྱེད་ཀྱིན་འདུག་མོད། ཁོང་གི་ཁ་ཆེམ་ཡི་གེ་ཆབ་སྲིད་དང་འབྲེལ་བ་ཡོད་ཙང་ས་གནས་སྐོར་སྲུང་བས་ནང་མི་གཉེན་ཉེ་ཞིག་ལ་མ་གཏོགས་མཁོ་སྤྲོད་བྱེད་རྒྱུ་མིན་པའི་ལན་སྤྲད་འདུག

ས་གནས་ལུ་ཛེརན་ཚོགས་ཆུང་གི་གོ་སྒྲིག་འོག་འཐུས་མི་གཙོས་རྒྱུན་ལས་རྣམས་ཀྱི་ཐེངས་འདིའི་དོན་རྐྱེན་གྱི་མགོ་མཇུག་བར་གསུམ་དུ་དཀའ་ལས་གང་མང་ཞིག་བརྒྱབ་ཡོད་འདུག་ལ། འདས་མཆོད་ཉིན་གྱི་ཞལ་ལག་ས་གནས་ཚོགས་མི་ཆོས་སྐྱིད་དང་ཆོས་སྒྲོན་གཉིས་ནས་མ་བསྐུལ་དང་བླངས་ཀྱིས་གོ་སྒྲིག་བྱས་འདུག གཞན་མཆོད་རྫས་མེ་ཏོག་ལྷ་མོ་ཚེ་རིང་དང་མཆོད་མེ་དང་གསོལ་ཇ་སོགས་ཤོག་བུ་ནག་པོ་ཚོགས་པ་ནས་ཞལ་འདེབས་གནང་འདུག ས་གནས་མི་མང་གིས་འདས་པོ་ཁོང་གི་ཆེད་གདུང་སེམས་མཉམ་བསྐྱེད་དང་མཆོད་མེ་ཞལ་འདེབས་སོགས་གནང་བཞིན་ཡོད་འདུག 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སྡོམས་རོགས།