ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱ་ཚོགས་འདུའི་མོས་མཐུན་ཡིག་ཆ།

༄༅།  ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༢༧ ནས་ཉིན་གཉིས་རིང་ཡོ་རོབ་དང་།  ཨ་རི།  ཨོ་སི་ཀྲོ་ལི་ཡ།  རྒྱ་ནག་སོགས་རྒྱལ་ཁབ་དང་།  ས་གནས་ཁག་ ༡༥ ནས་ཕེབས་པའི་ཚོགས་འདུ་བ་༧༠ལྷག་ཙམ་འཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ཏུ་ཐུན་མོང་གི་གཞི་རྟེན་འཚོལ་བའི་བོད་རྒྱའི་ཚོགས་འདུར་མཉམ་ཞུགས་གནང་ཡོད།

འཇར་མར་དུ་ཆིབས་སྒྱུར་བསྐྱངས་བཞིན་པའི་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་གནང་སྐབས་གསུང་དོན།  ངས་རྒྱ་བོད་མི་རིགས་དབར་ཕན་ཚུན་འབྲེལ་མོལ་བྱེད་རྒྱུ་དེར་ཧ་ཅང་གི་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།  ལོ་རབས་༥༠པའི་ནང་ངོས་རང་རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་དུ་འགྲོ་རྒྱུའི་འདུན་པ་བཏོན་མྱོང་བ་དེ་ད་དུང་ཡང་མངོན་འགྱུར་བྱུང་མེད་ཀྱང་།  རི་བོ་རྩེ་ལྔར་གནས་སྐོར་འགྲོ་རྒྱུའི་འདུན་པ་སྔར་བཞིན་ཡོད་ཅེས་དང་།  ཡང་༧གོང་ས་མཆོག་ནས།  ཞི་ཅིན་ཕིང་གིས་ཀྲུང་ཧྭ་རིག་གཞུང་བསྐྱར་དར་ཡོང་རྒྱུར་ནང་ཆོས་ཀྱིས་འགན་འབབ་འཁུར་ཡོད་ལུགས་གསུང་ཡོད་པ་དེར་ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་དེའི་ཐད་ལེགས་སྐྱེས་ཕུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་དོན།  ལོ་རྒྱུས་ཐོག་བོད་རྒྱ་མི་རིགས་གཉིས་དབར་གྱི་འབྲེལ་བ་ནི་འཆམ་མཐུན་དུ་གནས་པ་ཞིག་ཡིན་ཀྱང་།  དེང་སྐབས་ཀྱི་ཛ་དྲག་གི་གནས་སྟངས་དེ་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་ཅེས་དང་།  ད་དུང་ཁོང་གིས།  དབུ་མའི་ལམ་བརྒྱུད་པ་ཡིན་ན།  གཞི་ནས་མིག་སྔའི་བོད་ཀྱི་གནད་དོན་ཐོག་གི་ནོར་འཁྲུལ་དང་།  གོ་བ་ལོག་སྒྲུབ། ཕན་ཚུན་ཡིད་ཆེས་མེད་པ་བཅས་ཀྱི་གནས་སྟངས་འགྱུར་བ་བཏང་ཐུབ།  

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་གསུང་དོན།  བོད་ཀྱི་གནད་དོན་ནི་མི་རིགས་ཤིག་ཆགས་འཇིག་དང་།  མི་རིགས་ཤིག་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཐུབ་མིན་དང་འབྲེལ་བ་ཡོད་པའི་གནད་དོན་ཅིག་ཡིན།  བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ནི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་དང་ཡང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན།  
ལོ་རྒྱུས་མཁས་དབང་ལིི་ཅང་ལིན་གྱིས།  རྒྱ་ནག་དམར་པོའི་གཞུང་གི་ལོ་རྒྱུས་ཡིག་ཆ་གཞི་ལ་བཞག་ནས་རྒྱ་ནག་དམར་པོའི་མི་རིགས་སྲིད་བྱུས་ཀྱི་འགྱུར་འགྲོས་ངོ་སྤྲོད་གནང་སྐབས།  རྒྱ་ནག་དམར་པོས་ཐོག་མའི་དུས་སྐབས་སུ་མི་རིགས་ཀྱི་རང་ཐག་གཅོད་ལ་རྒྱབ་སྐྱོར་དང་།  རྒྱ་ནག་མནའ་འབྲེལ་རྒྱལ་ཁབ་ནང་ཞུགས་མིན་རང་དབང་ཡིན་ཅེས་པའི་ལངས་ཕྱོགས་ལ་རིམ་བཞིན་འགྱུར་བ་ཕྱིན་ནས་མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་རྩིས་མེད་བཏང་པ་མ་ཟད།  དངོས་སུ་འགྲེམས་སྤེལ་བྱས་པའི་ཡིག་ཆའི་ནང་དུའང་འབྲེལ་ཡོད་ལོ་རྒྱུས་ཀྱི་དངོས་དོན་ཡིག་རིགས་དེ་ཚོ་མཐོང་ཡས་མེད་པ་བཟོས་ཡོད་ཅེས་གསལ་སྟོན་གནང་ཡོད།  

ཉིན་གཉིས་ཀྱི་ཚོགས་འདུའི་རིང་ཚོགས་ཞུགས་པ་ཡོངས་ནས་བརྗོད་གཞི་ཁག་གི་ཐོག་སོ་སོའི་དགོངས་ཚུལ་ལྷུག་པོ་གསུང་མཐར་གཤམ་གྱི་དོན་གནད་ཁག་གི་ཐོག་ལ་མོས་མཐུན་བྱུང་ཡོད།

~~~ བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་མཉམ་དུ་ཞི་བའི་གྲོས་མོལ་གནང་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་།  བོད་རྒྱ་མང་ཚོགས་དབར་འབྲེལ་ལམ་གནང་བཞིན་པའི་ལས་དོན་ལ་ཆེས་མཐོའི་གདེང་འཇོག་དང་འབྲེལ་ལས་དོན་འདི་ནི་བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་མངོན་འདོད་ལ་གལ་ཆེའི་དོན་སྙིང་ལྡན་པར་ངོས་འཛིན་གནང་ཡོད།  ~~~ བོད་རྒྱ་མང་ཚོགས་དབར་བགྲོ་གླེང་གནང་སྐབས་ཆབ་སྲིད་ཀྱི་ཁྱབ་ཁོངས་གཅིག་པུ་མ་ཡིན་པར།  ད་དུང་ཆོས་དང་། རིག་གཞུང་།  སྒྱུ་རྩལ་སོགས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

~~~ ཚོགས་འདུ་བ་ཡོངས་ནས་བོད་ཀྱི་གནད་དོན་ནི་བོད་མི་གཅིག་པུའི་དོན་དག་མ་ཡིན་པར།  དེ་ནི་བོད་རྒྱ་མི་རིགས་གཉིས་ཀའི་ཐུན་མོང་གི་མདུན་ལམ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པར་ནན་བརྗོད་གནང་ཡོད།

~~~ ཚོགས་འདུ་བས།  བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིག་ཚབས་ཆེན་འགྲོ་བཞིན་པ་དང་།  དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་དབང་སྒྱུར་དང་།  དམངས་གཙོ།  འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད།

~~~ ཚོགས་འདུ་བས།  དབུ་མའི་ལམ་གྱི་སྲིད་བྱུས་ལ་གཅིག་གྱུར་གྱིས་མོས་མཐུན་དང་རྒྱབ་སྐྱོད་ཡོད་པ་གསལ་སྟོན་གནང་ཡོད།  

~~~ ཚོགས་འདུ་བ་ཡོངས་ནས། ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་སྟབས།  མ་འོངས་པར་ལོ་རེར་ཐེངས་རེ་བསྐོང་དགོས་པ་དང་།  དེའི་ཆེད་བོད་རྒྱ་མི་རིགས་ཐུན་མོང་གི་ལས་དོན་ཚོགས་ཆུང་ཞིག་འཛུགས་རྒྱུར་གཅིག་གྱུར་ངོས་འཛིན་གནང་ཡོད་པ་བཅས།  ཕྱི་ལོ་༢༠༡༤ཟླ་བ་༨ཚེས་༢༨ལ་འཇར་མན་གྲོང་ཁྱེར་ཧམ་བྷག་ཏུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།