ཐུགས་ཕམ་སྐྱེས་གཞི་དང་བོད་མིའི་ལས་འགན་གནང་ཕྱོགས་ཐད་བགྲོ་གླེང་།

ཕྱི་༩ ཚེས་༡༥ རེས་གཟའ་ཉི་མའི་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་༧གོང་ས་མཆོག་གི་ཐུགས་ཕམ་སྐྱེས་གཞི་དང་བོད་པའི་ལས་འགན་གནང་ཕྱོགས་ཐད་བགྲོ་གླེང་རྒྱས་པ་ཞིག་གནང་སོང་།

གོང་ཚེས་ཉིན་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གཙོས། རི་ཀོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་། ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས། སྤྱི་ཟུར་གང་གཞོན་ཚང་ངག་དབང་རྒྱལ་མཚན། སྤྱི་ཟུར་སྨོན་མཁར་བསོད་ནམས་ཕུན་ཚོགས། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས། སུད་སི་དོན་གཅོད་སྐུ་ཚབ་དང་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་བཅས་བགྲོ་གླེང་གདན་ཞུས་ཐོག མི་མང་ཚོགས་གཙོ་མཆོག་གིས་གུས་བསུའི་འཚམས་འདྲི་དང་། སྒོ་སྤེ་ཡོན་ཏན་ལགས་ཀྱི་ལས་རིམ་སྙན་སྒྲོན་བཅས་གནང་སྟེ། མི་མང་བརྒྱ་ལྷག་མཉམ་ཞུགས་ཀྱིས་ཞོགས་པའི་ཆུ་ཚོད་ ༡༠་༠༠ ནས་མཁན་རིན་པོ་ཆེ་མཆོག་གིས་མི་མང་ལ་ནང་ཆོས་ངོ་སྤྲོད་དང་། ཉིན་རྒྱབ་ཆུ་ཚོད ༢་༠༠ ཐོག་གོང་བཀོད་བརྗོད་གཞིའི་ཐོག་བགྲོ་གླེང་རྒྱས་པ་ཞིག་གནང་སོང་ལ། སྐུ་མགྲོན་རྣམས་ཀྱིས་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་སྐར་མ་བཅུ་རེ་གནང་གྲུབ་རྗེས་མི་མང་གིས་དྲི་བ་དྲིས་ལན་དང་སོ་སོའི་བསམ་ཚུལ་ལྷུག་བརྗོད་བཅས་གནང་སྟེ། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་སྐོར་དང་། ད་ལྟའི་ཛ་དྲག་གི་གནས་བབ། ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་གི་དཀྲོག་གཏམ་བཟོ་མཁན་རྣམས་ངོས་ཟིན་དགོས་སྐོར་དང་། འདས་པའི་ལོ་རྒྱུས་ལ་ཉམས་ཞིབ་ཀྱིས་༧གོང་ས་མཆོག་གི་སྐུ་དྲིན་དྲན་པ་དང་ཡིད་ཆེས་ཡོད་པའི་ཐོག མ་འོངས་པར་༧གོང་ས་མཆོག་ཐུག་ཕམ་མི་དགོས་པ་ཞིག་དང་། བོད་པའི་རྡོག་རྩ་གཅིག་སྒྲིལ་མུ་མཐུད་ཡོང་ཐབས་བཅས་ཀྱི་ཐད་བསམ་ཚུལ་མང་པོ་ལྷུག་བརྗོད་གནང་། མཐར་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་བགྲོ་གླེང་གི་མཇུག་སྡོམ་གསུང་བཤད་གནང་རྗེས།   ལས་རིམ་མཇུག་གྲུབ་གནང་སོང་།  ཙ་ཡུལ་ཕུན་ཚོགས་ཀྱིས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།