ཇི་ནི་ཝ་གླེང་སྟེགས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་བ།

དེ་རིང་ཕྱི་ཚེས་༡༤ ཉིན་དབུས་བོད་མིའི་སྒྲིག་འཛུག་ཀྱིས་གོ་སྒྲིག་འོག་སུད་སི་ཇི་ནི་ཝར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་བགྲོ་གླེང་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་དང་། དེར་ཡུ་རོབ་ཁུལ་དང་ཁ་ན་ཊ་སོགས་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་དང་བོད་དོ་རྒྱབ་སྐྱོར་བ། ཧོང་ཁོང་དང་ཐེ་ཝན། ཡུ་གུར་སོགས་ཀྱི་སྐུ་ཚབ་སོགས་རྒྱལ་ཁབ་བཅུ་ལྷག་གི་མི་སྣ་མཉམ་ཞུག་གནང་ཡོད་འདུག

གོང་ཚེས་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་དང་གོ་སྒྲིག་འོག ཇི་ནི་ཝ་གླེང་སྟེགས་ཞེས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་ཤུགས་ཆེ་ཡོང་ཆེད། ༢༠༡༨ ལོར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་ཐེངས་དང་པོ་གནང་ཡོད་པ་དང་། ད་ལོ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ཆེད་གཏོང་གནང་སྟེ་ཇི་ནི་ཝ་གླེང་སྟེགས་འདི་བཞིན་སུད་སི་གྲོང་ཁྱེར་ཇི་ནི་ཝ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རྟེན་གཞི་གནང་ཡུལ་དུ་བགྲོ་གླེང་གོ་སྒྲིག་གནང་ཡོད་འདུག

ད་རེས་བགྲོ་གླེང་འདིའི་ནང་སུད་སི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་པ་གཙོས་ཡུ་རོབ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཕེབས་ཡོད་པ་དང་། དེ་བཞིན་ཁ་ན་ཊ་སོགས་ནས་ཀྱང་བོད་དོན་རྒྱབ་སྐྱོར་བ་ཕེབས་ཡོད་པ་མ་ཟད། ཐེ་ཝན་དང་ཧང་ཀོང་། ཡུ་གུར་མི་རིགས་དང་། ཧྥ་ལོང་ཀོང་གི་འཐུས་མི་སྐུ་ཚབ་བཅས་ནས་གྲུབ་པའི་རྒྱལ་ཁབ་བཅུ་ལྷག་ནས་ཕེབས་པའི་མི་སྣ་བརྒྱ་དང་སུམ་བཅུ་ཙམ་འདུ་འཛོམས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་། དེ་རྒྱལ་ཚོགས་ཀྱིས་གླེང་སློང་དང་་བདག་སྤྲོད་གནང་དགོས་པའི་སྐོར་གཏམ་བཤད་སོགས་གནང་ཡོད་འདུག
དེ་རིང་གི་རྗོད་གཞི་དང་པོར། འཕྲུལ་རིག་དང་མ་འོངས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་ཐད་བགྲོ་གླེང་གནང་མཁན། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བའི་སྐུ་ཚབ་Eward Chin དང་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་གྱི་འཐུས་མི་Hilary miler མཆོག་དང་། ཆར་ལེ་སི་ཕི་རེ་ཇི་གཙུག་ལག་སློབ་གྲྭ་ཆེན་མོའི་ (Charles University Praygue ) རྒྱ་ནག་ཉམས་ཞིབ་པ་སློབ་དཔོན་ Filip Jirous མཆོག་བཅས་ཀྱི་གཏམ་བཤད་གནང་ཡོད་པ་དང་། རྗོད་གཞི་གཉིས་པ་རྒྱ་ནག་གི་ཆེས་མཐོའི་འཕྲུལ་རྩལ་དང་ཆོས་ལུགས་དད་མོས། ཞེས་པའི་རྗོད་གཞིའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་། རྒྱལ་སྤྱིའི་ཡུ་གུར་རིགས་ཀྱི་སྐུ་ཚབ་སོགས་ནས་གཏམ་བཤད་གནང་ཡོད་འདུག

ཐེངས་འདིའི་མཛད་རིམ་སྐོར་སུད་སི་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གནང་དོན། ད་རེས་མཛད་རིམ་གྱི་ཐོག་མར་༧གོང་ས་མཆོག་གི་བཀའ་སློབ་བསྒྲགས་སྦྱོང་གནང་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་ཕེབས་པའི་ནང་དོན་གཙོ་བོ་ནི། རྒྱ་ནག་ནི་རྒྱལ་སྤྱི་དང་མཉམ་གནས་ཐུབ་དགོས་པ་དང་། དེར་མཉམ་གནས་ཐུབ་པ་ལ་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གནད་དོན་མང་པོ་ཡོ་སྲང་ཐུབ་དགོས་སྐོར་དང་། དེ་འབྲེལ་ཉིན་གཉིས་རིང་གི་ཇི་ནི་ཝ་གླེང་སྟེགས་འདི་བཞིན་ལམ་ལྷོང་ཡོང་བའི་ཐུགས་སྨོན་གནང་གི་ཡོད་སྐོར་སོགས་བཀའ་ཕེབས་ཡོད་པ་དང་། དེ་རྗེས་སྐུ་ངོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་གནས་སྟངས་སྐོར་དང་། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་ཀྱི་སྲིད་བྱུས་གཏན་འབེབ་གནང་བ་དང་། དེའི་བདག་དབང་རྒྱ་ནག་ལ་ཡོད་སྐོར་ཧམ་བཤད་བྱས་པ་ནི་ཁུངས་ལུང་མེད་པའི་གནང་སྟངས་ཡིན་པ་མ་ཟད། ཆོས་ལུགས་ཁས་མི་ལེན་མཁན་གྱིས་ཚོགས་པ་ཞིག་གིས་ཆོས་ལུགས་ཀྱི་ལམ་སྲོལ་ལ་ཐེ་བྱུས་བྱས་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡ་རབ་འགྲོ་ལུགས་གང་ལའང་མི་མཚམས་པ་ཞིག་ཡིན་སྐོར་གཏམ་བཤད་གནང་སོང་། ཞེས་དང་། དེ་བཞིན་སུད་སི་གྲོས་ཚོགས་འཐུས་མི་Carlo Sommaruga ལགས་ཀྱིས་བོད་དོན་ཉམས་ཞིབ་འབྲེལ་བའི་གཏམ་བཤད་ཧ་ལས་པ་ཡག་པོ་ཞིག་གནང་སོང་། ཞེས་སོགས་གསུངས་སོང་།

གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ་དང་། ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།