ཆོལ་གསུམ་མི་མང་གིས་༧སྐུའི་གྱ་སྟོན་ལ་རོལ་ཡོད།


ཕྱི་ཟླ་ ༤ ཚེས་ ༡༢ ཉིན་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གོ་ སྒྲིག་འོག་སུད་སི་ནང་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོགས་ཡོད་འདུག་ལ། མཛད་སྒོའི་ཐོག་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་དང་། སུད་སི་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་ཟུར་ཁག་ཅིག་བཅས་ཆོལ་གསུམ་མི་མང་དྲུག་བརྒྱ་ལྷག་འདུ་འཛོམས་ཐོག་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་གྱི་དགའ་སྟོན་ལ་རོལ་ཡོད་འདུགགོང་ཚེས་ཉིན་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གོ་སྒྲིག་གནང་བ་ལྟར་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དགའ་སྟོན་མཛད་སྒོ་ཞིག་སུད་སི་ས་གནས་རི་ཁོན་ནང་འཚོགས་ཡོད་འདུག་ལ། དེ་ཡང་མདོ་སྨད་ཕྱོགས་སུ་བླ་ཆེན་དཔོན་ཆེན་ཁག་དང་མི་མང་དཀྱུས་མ་སུ་རུང་དགུང་གྲངས་བརྒྱད་བཅུར་སླེབས་ཚེ་གྱ་སྟོན་ཞེས་པའི་དགའ་སྟོན་མཛད་སྒོ་འཚོག་སྲོལ་ཡོད་པ་བཞིན། ད་ལོ་བོད་ལོའི་ལོ་སར་སྐབས་བོད་ནང་གཙོས་ས་ཁུལ་མང་པོར་༧གོང་ས་མཆོག་བོད་དགུང་གྲངས་བརྒྱད་བཅུ་ཕེབས་པར་དགའ་སྟོན་གྱི་རྣམ་པ་ཤུགས་ཆེན་གནང་ཡོད་པ་དང་། ལྷག་དོན་རྒྱ་གར་རྡ་རམ་ས་ལར་མདོ་སྨད་དབུས་རྒྱུན་གྱིས་གོ་སྒྲིག་འོག་ཕྱི་ཟླ་ ༦ ནང་རྡ་སར་སྐུའི་གྱ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོག་འཆར་ལ་གྲ་སྒྲིག་ཡོངས་སུ་གྲུབ་ཚར་ཡོད་པ་དང་། དེ་ཡང་དབུས་རྒྱུན་གྱི་བཀའ་ཁྲོལ་ལྟར་ས་གནས་སོ་སོ་ནས་ཀྱང་སྐུའི་གྱ་སྟོན་གྱི་མཛད་སྒོ་དང་དགའ་སྟོན་གྱི་རྣམ་པ་ཅི་རིགས་བསྟན་ཆོག་པའི་བཀའ་གསལ་ཕེབས་དོན་ལྟར། དེ་རིང་སུད་སི་ནང་ཆོལ་གསུམ་མི་མང་མཉམ་འཛོམ་གྱི་དགའ་སྟོན་འདི་གོ་སྒྲིག་གནང་བ་ཞིག་རེད་འདུག་ལ། དགའ་སྟོན་མཛད་རིམ་གྱི་ཐོག་མར་བསང་གསོལ་བཏང་བ་དང་། རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་གཙོས་ཞབས་རིམ་ལེགས་འགྲུབ་སྨོན་ལམ་གསུངས་བ། སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ། མཎྜལ་རྟེན་གསུམ་ཕུལ་བ་བཅས་གྲུབ་རྗེས། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཞོན་དཀོན་མཆོག་བཀྲ་ཤིས་ཀྱིས་མཛད་རིམ་ངོ་སྤྲོད་དང་། ས་གནས་མདོ་སྨད་རྒྱུན་ལས་ཚོགས་གཙོ་དབང་རྒྱལ་མཆོག་གིས་དགའ་སྟོན་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་སོགས་གནང་སོང་ལ། དེ་རྗེས་རིམ་བཞིན་ཆོལ་ཁ་གསུམ་གྱི་གཞས་སྣ་འཁྲབ་སྟོན་དང་། རྒྱན་གོས་འཁྲབ་སྟོན། བྱིས་པའི་འཁྲབ་སྟོན་སོགས་མཛད་རིམས་སྣ་ཚོགས་གཟིགས་འབུལ་གྱིས་མི་མང་རྣམས་སྐུའི་གྱ་སྟོན་གྱི་མཛད་སྒོར་སྤྲོ་སེམས་ཁོལ་བའི་ངང་རོལ་ཡོད་འདུག

༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དགའ་སྟོན་མཛད་སྒོ་འདིའི་གོ་སྒྲིག་པ་དང་ས་གནས་མདོ་སྨད་རྒྱུན་ལས་གྱི་ཚོགས་གཙོ་ཚེ་རིང་དབང་རྒྱལ་མཆོག་གིས་མཛད་སྒོའི་ལས་རིམ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་དོན། དེ་རིང་གི་མཛད་སྒོ་འདི་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི་རང་ཅག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་ཀྱིན་ཡོད་པ་དང་། དེ་ཡང་མདོ་སྨད་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་གྱ་སྟོན་གྱི་འགྲོ་ལུགས་ཡོད་པ་ནང་བཞིན་སུད་སི་ས་གནས་ལའང་མཛད་སྒོ་ཞིག་གོ་སྒྲིག་ཞུ་ཐུབ་ན་ལེགས་ཚུལ་གྱི་དགོངས་ཚུལ་བྱུང་བ་ལྟར། དེ་རིང་སུད་སི་ནང་བཞུགས་པའི་ཆོལ་ཀ་གསུམ་གྱི་མི་མང་རྣམས་དགྱེས་འཛོམས་ཐོག་མཛད་སྒོ་ཞིག་བསྡུ་བའི་གྲ་སྒྲིག་བྱས་པ་རེད། གྲ་སྒྲིག་བྱས་པ་ནང་བཞིན་ཆོལ་གསུམ་མི་མང་ཧ་ཅང་མང་པོ་ཕེབས་འདུག  དེར་མ་ཟད་ས་གནས་མདོ་སྨད་མི་མང་ཡོངས་ཀྱིས་ཐེངས་འདིའི་མཛད་སྒོའི་ཞལ་ལག་རིན་མེད་གཏོང་དགོས་པའི་བསམ་ཚུལ་བྱུང་བ་ལྟར། མཛད་སྒོའི་འགྲོ་གྲོན་སོགས་ཀྱི་ཐད་མི་མང་གིས་ཞལ་འདེབས་བསྡུ་རུབ་གནང་སྟེ། ཐེངས་འདིའི་མཛད་སྒོའི་སྔ་ཕྱི་བར་གསུམ་དུ་མི་མང་དྲུག་བརྒྱ་ལྷག་ལ་ཞལ་ལག་རིན་མེད་བཏང་ཡོད་པ་རེད་ལ། མི་མང་ཚོ་ཡང་ཧ་ཅང་དགའ་བོ་དང་སྤྲོ་བོ་དཔེ་མེད་བྱུང་སོང་། ཞེས་གསུངས་བྱུང་།

ཡང་ཚོགས་གཙོ་ཚེ་རིང་དབང་རྒྱལ་མཆོག་ལ་འབྱུང་རྒྱུར་ཟླ་བ་དྲུག་པའི་ནང་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་རྡ་སར་སྐུའི་གྱ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུ་འཆར་གྱི་གྲ་སྒྲིག་ཡོངས་སུ་གྲུབ་ཡོད་ན། དབུས་རྒྱུན་གྱིས་གོ་སྒྲིག་མ་ཟིན་གོང་སུད་སི་ས་གནས་ལ་གོ་སྒྲིག་སྔ་ཚུད་གནང་དགོས་དོན་གང་ཡིན་དྲིས་པར། ང་ཚོ་སུད་སི་ནང་གནས་སྡོད་མདོ་སྨད་པ་མང་པོ་ཞིག་ཆེད་དུ་སྐུའི་གྱ་སྟོན་ཆེད་རྡ་སར་བཅར་གྱིན་ཡོད་ཅིང་། ང་རང་ཡང་དེར་གལ་ཆེན་དུ་རྩིས་ནས་འགྲོ་གི་ཡོད། འོན་ཀྱང་ལས་ཀ་དང་གནས་ཚུལ་འདྲ་མིན་གྱི་དབང་གིས་རྡ་སར་བཅར་མི་ཐུབ་མཁན་མང་པོ་ཞིག་ཡོད་པ་རེད། ཁོང་ཚོས་ཀྱང་ངེས་པར་དུ་སྐུའི་གྱ་སྟོན་ལ་དགའ་སྟོན་གྱི་རྣམ་པ་ཞིག་སྟོན་འདོད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་དུས་ཚོད་སྔ་ཚུད་ནང་གོ་སྒྲིག་ཞུ་མ་ཐུབ་པ་ཡིན་ན། སྐུའི་འཁྲུངས་སྐར་ཟིན་ཚར་རྗེས་གོ་སྒྲིག་ཞུས་ན་མི་མང་ལ་འདོད་པ་མ་ཁེངས་པ་ཡོང་རྒྱུ་དང་། འཁྲུངས་སྐར་ཉིན་རང་ལ་གོ་སྒྲིག་ཞུ་དགོས་ན་ང་རང་གཙོས་པའི་མདོ་སྨད་མང་པོ་ཞིག་རྡ་སར་བཅར་དགོས་ཀྱིན་ཡོད་སྟབས་དེ་ཡང་མ་འགྲིག་པ་ཡོང་བ་རེད།  དེ་བས་ཚོགས་གཙོའི་ངོས་ནས་དབུས་རྒྱུན་ལ་བཀའ་འདྲི་ཞུས་པ་དང་། དབུས་ཀྱི་ངོས་ནས་ས་གནས་སོ་སོ་ནས་དགའ་སྟོན་གྱི་རྣམ་ཇི་ཆེ་གནང་ཡང་འགྲིག་གི་ཡོད་པའི་བཀའ་ཁྲོལ་བྱུང་བ་ལྟར་དེ་རིང་ང་ཚོས་གོ་སྒྲིག་ཞུ་གཏན་ཁེལ་བ་རེད། ཅེས་དང་། མཛད་སྒོ་འདིའི་ཐོག་མདོ་སྨད་པ་མ་གཏོགས་ཆོལ་ཁ་གཞན་མི་མང་རྣམས་མཉམ་ཞུགས་གནང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། དེ་རིང་གི་མཛད་སྒོ་འདི་ལ་དང་པོ་ནས་རྒྱུན་ལས་ཀྱིས་ཐག་གཅོད་བྱས་པ་ལྟར། སུད་སི་ནང་བཞུགས་པའི་བོད་མི་སུ་རུང་ཞིག་ཕེབས་ན་འགྲིག་གི་ཡོད་པའི་གསལ་བསྒྲགས་སྔོན་མ་ནས་བྱས་པ་རེད། དེ་ཡང་ཞལ་ལག་སོགས་རིན་མེད་ཐོག་གནང་གིན་ཡོད་པའི་གསལ་བསྒྲགས་སྔོན་ཚུད་ནས་བྱས་པ་རེད། གསལ་བསྒྲགས་བྱས་པ་ནང་བཞིན་དེ་རིང་མི་མང་ཧ་ཅང་མང་པོ་ཕེབས་འདུག་ལ། མདོ་སྨད་མ་ཡིན་པའི་ཆོལ་ཁ་གཞན་གྱི་མི་མང་ཧ་ཅང་མང་པོ་ཕེབས་འདུགམཛད་སྒོ་འདིའི་ཐོག་སུད་སི་ས་གནས་མདོ་སྨད་རྒྱུན་ལས་གྱི་འགྲོ་གྲོན་སོགས་བཏང་སྟེ་རྩོམ་སྒྲིག་བྱས་པའི་༧གོང་ས་མཆོག་དགུང་ན་ཕྲ་དུས་ནས་ད་ལྟའི་བར་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་མཛད་འགན་རླབས་པོ་ཆེ་བཞེས་པ་དང་། འཇིག་རྟེན་མིག་འབྱེད་གྱི་མཛད་རྗེས་རླབས་ཆེན་སྐྱོང་བའི་མཛད་རྣམ་ཕྱོགས་བསྒྲིགས་བྱས་པའི་འོད་སྡེར་ཞིག་ཀྱང་འགྲེམ་སྤེལ་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།འབྲེལ་བ་གནང་ཡུལ།  ཁ་པར། 0041་0763260195 ས་གནས་མདོ་སྨད་ཚོགས་གཙོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སམས་རགས།