ང་ཚོས་ད་ཆ་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད།

Dalai lama

གསར་འགོད་བརྒྱུད་ལམ་ལ་དམ་དྲག་བྱེད་པ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་༧གོང་ས་མཆོག་གིས་བཀའ་གནང་འདུག བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མདྷ་ཡཱ་པར་ཌེ་ཤིའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལྷན་ཚོགས་སུ་བཀའ་སློབ་གྲུབ་རྗེས། ས་ཁུལ་དེར་ཕྱི་ནང་གསར་འགོད་པ་ཁག་གཅིག་འདུ་འཛོམས་བྱུང་བའི་སྐབས་བཀའ་སློབ་སྩལ་དོན། རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲག་བྱེད་པ་དེ་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད། རྒྱ་ནག་མི་མང་ཐེར་འབུམ་༡་༣ ཙམ་ཡོད་པ་ཚོར་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྒྱུར་ཐོབ་ཐང་ཡོད་པས། གནས་ཚུལ་འཁྱོག་བཤད་དང་དམ་དྲག་བྱས་པ་དེ་བཟང་སྤྱོད་དང་མི་མཐུན་པ་ཞིག་རེད། གནས་ཚུལ་འཁྱོག་བཤད་དང་དམ་དྲག་བྱས་པ་དེས་འཛམ་གླིང་མི་མང་ཚོ་མགོ་སྐོར་བསླུ་བྲིད་བྱེད་ཐུབ་རྒྱུའི་ཚབ་ལ་རྒྱ་ནག་རང་གི་མི་མང་ཚོ་བསླུ་བྲིད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ཆ་ཚང་དགོས་པ་ཞིག་ཆགས་ཀྱི་ཡོད་པས། གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ཐོག་ནས་རྒྱ་ནག་མི་མང་ཚོར་བདེན་རྫུན་ཇི་ཡིན་དབྱེ་འབྱེད་ཐུབ་རྒྱུའི་ནུས་པ་ལྡན་ཡོད་པར་བརྟེན་རྒྱ་ནག་མི་མང་ཚོར་གནས་ཚུལ་ངོ་མ་ཇི་ཡིན་ཤེས་རྒྱུའི་གོ་སྐབས་སྤྲོད་དགོས་པ་རེད། ང་ཚོས་ད་ཆ་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད། རྒྱ་རིགས་ཁག་གཅིག་གིས་ང་ཚོའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པའི་དགོས་འདུན་དེར་རྒྱབ་སྐྱོར་གྱི་རྩོམ་ཡིག་གྲངས་༨༠༠ ཙམ་བྲིས་ཡོད་པ་རེད་བཀའ་སློབ་བསྩལ་ཡོད་འདུག
དེ་བཞིན་༧གོང་ས་མཆོག་གིས་རྒྱ་ནག་ནང་མང་གཙོ་དང་འབྲེལ་བའི་གནད་དོན་ཐོག་བཀའ་སྩལ་དོན། ངོས་ཀྱི་དུས་རྒྱུན་དུ་རྒྱ་ནག་ནང་ལམ་སེང་མང་གཙོའི་ལམ་ལུགས་ཐོག་བསྒྱུར་བཅོས་ཕྱིན་པ་ཡིན་ན་ཕན་གནོད་ཇི་འདྲ་ཡོང་མིན་དོགས་གཞིའི་གནད་དོན་ཞིག་ཡོད་པ་རེད་བསམ་གྱི་ཡོད། གལ་ཏེ་ད་ལྟའི་རྒྱ་ནག་གི་གཅིག་སྡུད་དབང་འཛིན་རིང་ལུགས་དེ་སྦོ་ལུག་པ་ཡིན་ན་ཟིང་འཁྲུག་ཆེན་པོ་ཞིག་ལང་རྒྱུ་རེད། དེ་འདྲའི་གནས་སྟངས་དེ་སུ་གང་ལའང་ཕན་ཐོགས་མེད་པ་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ནག་ནང་ག་ལེར་མང་གཙོའི་ལམ་ལུགས་ཐོག་འགྱུར་བ་འགྲོ་རྒྱུ་ནི་ཐབས་ལམ་བཟང་ཤོས་རེད་ཅེས་བཀའ་སྩལ། དེ་བཞིན་ྋགོང་ས་མཆོག་གིས་ལྷོ་ཨེ་ཤི་ཡའི་ནང་རྒྱ་གར་དང་རྒྱ་ནག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་མཐུན་ལམ་དེ་རྒྱུན་གནས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེ་ཆགས་ཡོད་ཅེས་སོགས་བཀའ་སློབ་བསྩལ་འདུག།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སམས་རགས།