ང་ཚོའི་འཐབ་རྩོད་ཀྱི་ནུས་པ་དེ་ཧི་མ་ལ་ཡའི་རིའི་ཕར་རོལ་ཏུ་འགྲོ་དགོས་པ་ལས་ནང་ཁུལ་དུ་རྩོད་པ་རྒྱག་པ་དེ་མ་རེད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་དབུ་ཁྲིད་པའི་སྤྱི་འཐུས་རྣམ་པ་བཞི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཐུན་འགྱུར་འོག་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ཞུ་གཏུགས་ཀྱི་ཆེད་ཕྱོགས་བསྐྱོད་གནང་བཞིན་ཡོད་འདུག

ཕྱི་དྲོ་ས་གནས་ཆུ་ཚོད་དང་པོའི་ཐོག་ས་གནས་མི་མང་༢༥༠ ལྷག་schulhause weiden ཚོགས་ཁང་དུ་མཉམ་འཛོམས་ཀྱི་སྤྱི་འཐུས་རྣམ་པ་ཚོགས་ཁང་དུ་གདན་འདྲེན་ཞུས།
སུད་སི་དང་ལིག་ཏན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ལགས་ཀྱི་སུད་སི་དང་བོད་རིགས་མི་མང་གི་སྒྲིག་འཛུགས་དང་ལས་དོན་བྱེད་ཕྱོགས། དེ་བཞིན་ས་གནས་མི་མང་གི་བོད་དོན་ཐད་ཆ་ཤས་ལེན་སྟངས་སོགས་ཀྱི་ཐད་ནས་ངོ་སྤྲོད་ཞུས།
དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་ཚབ་གཅིག་ལྕོག་སྐུ་ངོ་དངོས་གྲུབ་རྡོ་རྗེས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་པའི་ཚོགས་ཆུང་ཡོ་རོབ་ཏུ་བསྐོར་བསྐྱོད་ལས་འགུལ་ཁག་དང་དམིགས་ཡུལ་ཁག དེ་བཞིན་རྒྱབ་སྐྱོར་བྱེད་མཁན་སོགས་ངོ་སྤྲོད་གཏམ་བཤད་གནང་སྐབས་གསུང་དོན༼སྤྱི་འཐུས་ས་གནས་ས་ཐོག་ཏུ་བསླེབ་པའི་དུས་སུ་བཀའ་སློབ་ནི་རྔན་པ་ཆེ་ཤོས་དེ་རེད། དེ་བས་མི་མང་གི་སྤྱི་འཐུས་ཀྱི་བཀའ་མོལ་ཐུགས་སུ་ཆུད་པར་བྱ་རྒྱུ་དང་དོགས་འདྲི་གནང་རྒྱུ་དེ་གལ་ཆེན་རེད་ཟེར༽

ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱིས་ས་གནས་བོད་རིགས་མི་མང་གི་མཐུན་འགྱུ་གང་ལེགས་གནང་གིན་ཡོད་པ་དང་དེ་བཞིན་འདས་པའི་ལས་དོན་མང་པོ་ཞིག་ལེགས་གྲུབ་བྱུང་ཡོད་སྐོར་གྱི་གསུངས་བཤད་གནང་།

སྤྱི་འཐུས་ངག་དབང་ཐར་བ་ལགས་ཀྱིས་བོད་ཀྱི་གནས་བབ་གང་དུ་ཡོད་མེད་དང་། ལྷག་དོན་བོད་ཁུལ་དུ་བོད་མི་རྣམས་ལ་དཀའ་ངལ་ཅི་ཙམ་འཕྲད་ཀྱི་ཡོད་མེད་སོགས་ལ་ཞིབ་ཕྲའི་གནས་ཚུལ་མི་མང་ལ་ཤེས་རྟོགས་ཆེད་ངོ་སྤྲོད་གནང་།

དགེ་བཤེས་ཨ་འབྲུག་ཚེ་བརྟན་ལགས་ཀྱིས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སྐོར་ངོ་སྤྲོད་གནང་བ་དང་མཐར་ཁོང་གིས་རིན་པོ་ཆེ་མཆོག་གི་བཀའ་དྲིན་ངོ་ཤེས་པའི་ཐོག་ནས་བཀའ་དྲིན་རྗེས་དྲན་བྱ་ཤེས་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བཙན་བྱོལ་བོད་ཀྱི་དམངས་གཙོ་འཕེལ་རིམ་དང་འབྲེལ་སྤྱི་འཐུས་ལྷན་ཁང་གི་འཕོ་འགྱུར།
མཚན་གནས་བརྗེ་རེར་ཅི་ལྟར་བྱུང་ཚུལ། དགའ་ལྡན་ཕོ་བྲང་གི་འཕོ་འགྱུར་དང་འབྲེལ་བའི་བཅའ་ཁྲིམས་འགྱུར་བ་འགྲོ་སྟངས་སོགས་ངོ་སྤྲོད་གནང་། དེ་དང་འབྲེལ་ད་ལྟའི་དུས་སུ་རྒྱལ་ཁབ་མང་པོའི་ནང་དུ་དམངས་གཙོའི་དོན་དུ་གཅེས་སྲོག་ཅི་ཙམ་ཤོར་གྱིན་ཡོད་པ། རང་ཅག་བོད་ཀྱི་དམངས་གཙོ་ནི་མི་མང་གི་རྩོད་ལེན་བྱེད་མ་དགོས་པར་༧གོང་ས་མཆོག་གིས་གསོལ་རས་སུ་ཕུལ་བ་ལེགས་ན
ནམ་ཞིག་ང་ཚོ་བོད་དུ་ལོག་དུས་དམངས་གཙོ་ང་ཚོའི་གཞི་ལུས་བོད་མི་ཚོར་ལེགས་སྐྱེས་སུ་འཁྱེར་དགོས་གསུངས་ཡོད་པ་ལྟར་ང་ཚོས་ད་ལྟའི་རང་ཅག་སྤྱི་ཚོགས་ཀྱི་གནས་སྟངས་དང་དམངས་གཙོའི་འཕེལ་རིམ་སོགས་ཕྱོགས་ཡོངས་ལ་ཐུགས་སྣང་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་ང་རང་གང་དུ་སོང་ཀྱང་རང་ཉིད་སྤྱི་པའི་མི་ཞིག་ཡིན་དྲན་གྱིན་ཡོད། ང་ཚོའི་གནས་བབ་དེ་བཙན་བྱོལ་ཡིན་པས་ང་ཚོས་ངེས་པར་དུ་གཞོན་སྐྱེས་ཚོར་བོད་ཀྱི་སྐད་དང་ཡི་གེ་གཙོས་ཆོས་དང་རིག་གཞུང་སོགས་ངོ་འཕྲོད་ཐུབ་པ་གནང་རྒྱུ་དེ་གལ་ཆེན་ཡིན་པའི་སྐོར་དང་། དབུ་མའི་ལམ་ཞེས་པའི་༧གོང་ས་མཆོག་གི་འཆར་སྣང་དེར་ལས་ཀྱི་སྣེ་མོ་དག་གིས་དཔྱད་ཞིབ་དང་གོ་སྡུར་མཐར་ཕྱིན་བྱས་པ་དང་། ནུབ་ཕྱོགས་ཀྱི་མཁས་པ་མང་པོ་བཀའ་སློབ་ལམ་སྟོན་ཞུས་ནས་མཐར་མི་མང་ལ་བཀོད་བསྡུར་གྱིས་མང་མོས་འཐོབ་པ་སོགས་ཀྱི་བཀའ་སློབ་གནང་། མོས་སླར་ཡང་གསུངས་དོན་༼ང་ཚོས་འཐབ་རྩོད་ཀྱི་ནུས་པ་དེ་ཧི་མ་ལ་ཡའི་རིའི་ཕར་རོལ་ཏུ་འགྲོ་དགོས་པ་ལས་ནང་ཁུལ་དུ་རྩོད་པ་རྒྱག་པ་དེ་མ་རེད།༽ཟེར།

ཐེངས་འདིའི་སྤྱི་འཐུས་ཕྱོགས་བསྐྱོད་འདི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཞུ་བཞིན་པ་ཞིག་ཡིན་འདུག་ལ། ཟླ་འདིའི་ཚེས་༢༠ ཉིན་སུད་སིའི་རྒྱལ་ས་བྷན་གྱི་སུད་སའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐུག་འཕྲད་ཀྱིས་གྲོས་ཚོགས་སུ་གཟིགས་སྐོར་དང་། སྤྱི་ཚེས་༢༡ ཉིན་འཇི་ཎི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ནས་ཆེད་བཙུགས་གནང་བའི་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་དཔྱད་ཞིབ་པ་སྐུ་ཞབས་Fenand de Varennes (UN Special Rapporteur on Minority Issues) མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་དཀའ་ངལ་སྤྱི་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་ཞུ་གཏུགས་གནང་རྒྱུ། འཇུ་ཎི་ཝའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་མོས་དང་ཁོར་ཡུག་སྡེ་ཚན་སོགས་སུ་བོད་ཀྱི་ཁོར་ཡུག་ཉམས་ཆགས་ཀྱི་སྐོར་ནས་ཞུ་གཏུགས་གནང་རྒྱུ་སོགས་ཀྱི་འཆར་གཞིའི་ལས་རིམ་མང་དག་ཅིག་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།