གསར་འགོད་གསལ་བསྒྲགས།

༄༅། སུད་སི་ས་གནས་སྦན་ཚོགས་ཆུང་གི་ཚོགས་མི་བློ་བསྟན་རྣམ་གླིང་ལགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ཚེས་ ༢༢ ཉིན་ངོ་དེབ་ཐོག་བོད་པའི་སྤྱི་ཚོགས་ནང་རྒྱ་གཞུང་གི་སོ་མྱུལ་ཡོད་པ་མ་ཚད་སུད་སི་བོད་རིགས་མི་མང་གི་འཐུས་མིའི་ནང་སོ་མྱུལ་གཉིས་ནས་གསུམ་ཡོད་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་ཡོད་པར་བརྟེན། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡུ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས། ཡུ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་བཅས་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་མི་རྣམ་པས་དམིགས་བསལ་ཚོགས་འདུ་ཞིག་ཚོགས་གནང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ བར་འཐུས་མི་སོ་མྱུལ་སུ་ཡིན་མིན་མིང་འདོན་དང་བཅས་ཁུང་སྐྱེལ་ར་འཕྲོད་གནང་དགོས་བཅས།

བློ་བསྟན་རྣམ་གླིང་ལགས་སུ་ཕྱག་བྲིས་ཤིག་སྦྲག་ཐོག་དང་གློག་འཕྲིན། དེ་བཞིན་འབྲེལ་ཡོད་སུད་སི་ས་གནས་སྦན་ཚོགས་ཆུང་གི་འཐུས་མི་ངོ་བཅར་ཞུས་ཏེ་ཁོང་ལ་ཕྱག་བྲིས་དེ་ཕྱག་ཏུ་དངོས་སུ་ཕུལ་ཡོད་ཀྱང། ཁོང་ནས་ད་བར་རྒྱ་གཞུང་གི་སོ་མྱུལ་བའི་མིང་འདོན་དང་བཅས་ཁུངས་སྐྱེལ་ར་འཕྲོད་དང་དཔང་རྟགས་སོགས་གང་ཡང་གནང་མེད་པར་བརྟེན། ཕྱི་ལོ་ ༢༠༢༠ ཚེས་ ༡༠ ཚེས ༡༧ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ལས་ཁུངས་སུ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡུ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས། བོད་རིགས་མི་མང་གི་རྒྱུན་ལས་བཅས་ལྷན་འཛོམས་ཐོག་ལན་འདེབས་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང། གསར་འགོད་གསལ་བསྒྲགས་སྐབས་སུ་ཐོག་མར་བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་ལན་འདེེབས་ཀྱི་གསར་འགོད་གསལ་བསྒྲགས་དེ་སྒྲོག་སྦྱང་གནང།
དེ་རྗེས་ཡུ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་གལ་པོ་ཆེ་ལ་ནན་ཏན་དུ་གསུངས་གསལ། བློ་བསྟན་རྣམ་གླིང་ལགས་ནས་གཞི་མེད་སྐྱོན་བརྗོད་གནང་པ་དེ་མི་མང་ནས་མཁྱེན་དགོས་པ་གནང་རྒྱུ་དང་། ལྷག་པར་དུ་བོད་སྤྱི་པའི་ཕྱག་ལས་གནང་མཁན་ཡོངས་ལ་རྒྱབ་སྐྱོར་ཞུ་དགོས་པ་ལས་གཞི་མེད་སྐྱོན་བརྗོད་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང།

དེ་ནས་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ནས། ལན་འདེབས་གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་གཞིར་བཟུང་སྟེ་བཀའ་སློབ་ལམ་སྟོན་གནང་བ་དང། ད་རེས་བློ་བསྟན་རྣམ་གླིང་ལགས་ནས་སུད་སི་བོད་རིགས་མི་མང་གི་འཐུས་མིའི་ནང་རྒྱ་གཞུང་གི་སོ་མྱུལ་གཉིས་ནས་གསུམ་ཡོད་རེད་གསུངས་པར། ང་ཚོས་ཁོང་ལ་སོ་མྱུལ་དེ་དག་གི་མིང་འདོན་དང་བཅས་ཁུངས་སྐྱེལ་ར་འཕྲོད་དང་དཔང་རྟགས་སོགས་གནང་དགོས་བཅས་གོ་སྐབས་ཡང་ཡང་ཕུལ་ཡོད་ཀྱང་དེ་ལྟར་གནང་མ་སོང། དེར་བརྟེན་ད་རིང་ལན་འདེབས་གསར་འགོད་གསལ་བསྒྲགས་དེ་མ་གནང་ཀ་མེད་བྱུང་ཡོད་ཅེས་གསུངས། ལན་འདེབས་གསར་འགོད་གསལ་བསྒྲགས་དེའི་མཇུག་བསྡོམས་ཀྱི་གསལ་བསྒྲགས་གཤམ་འཁོད་བཞིན་གསལ་འདུག།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ ཉིན་བློ་བསྟན་རྣམ་གླིང་ལགས་སུ་སྦྲག་ཐོག་དང་གློག་འཕྲིན། དེ་བཞིན་འབྲེལ་ཡོད་སུད་སི་ས་གནས་སྦན་ཚོགས་ཆུང་གི་འཐུས་མི་ངོ་བཅར་ཞུས་ཏེ་ཁོང་ལ་ཕྱག་བྲིས་དེ་ཕྱག་ཏུ་དངོས་སུ་ཕུལ་ཡོད་ཀྱང། བློ་བསྟན་རྣམ་གླིང་ལགས་ནས་ད་བར་རྒྱ་གཞུང་གི་སོ་མྱུལ་བའི་མིང་འདོན་དང་བཅས་ཁུངས་སྐྱེལ་ར་འཕྲོད་དང་དཔང་རྟགས་སོགས་གང་ཡང་སྟོན་རྒྱུ་མེད་པར་བརྟེན། ཁོང་ནས་སུད་སི་བོད་རིགས་མི་མང་གི་འཐུས་མིའི་ནང་རྒྱ་གཞུང་གི་སོ་མྱུལ་བ་གཉིས་སམ་གསུམ་ཡོད་རེད་ཅེས་གསུངས་པ་དེ་དག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་དང་བོད་པའི་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་ཞུ་རྒྱུ་ལས་མ་འདས་སྟབས།སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་པས་ཀྱང་དེ་དོན་དགོངས་འཇགས་ཡོང་བ་འཚལ། བཅས་གསར་འགོད་གསལ་བསྒྲགས་དེའི་ནང་མཇུག་བསྡོམས་གནང་འདུག

གསར་འགོད་པ་ཝང་དཀར་ཚེ་རིང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སམས་རགས།