གདུང་སེམས་མཉམ་སྐྱེད་ཀྱི་ཞི་རྒོལ་བྱས་པ།

དེ་ཡང་དགོང་དྲོ་ཕྱག་ཚོད་  ༡༨།༣༠  ཐོག་ས་གནས་མི་མང་   ༡༥༠  སྐོར་རྒྱ་མིའི་གཞུང་ཚབ་མདུན་ཐང་དུ་ཐད་ཀར་འདུ་འཛོམས་གནང།   ཐེངས་འདིར་ས་གནས་བདེ་འཇགས་ལས་ཁུངས་ནས་ཁྲོམ་གཞུང་བརྒྱུད་གོམ་བགྲོད་བྱ་རྒྱུ་ཆོག་མཆན་མ་གནང་བར་བརྟེན་ལས་ཁུངས་མདུན་འཛོམས་པ་དང་དེ་བཞིན་རྒྱང་གྲགས་ཀྱང་བེད་སྤྱོད་བྱ་མི་ཆོག་པ་དང་དེ་དང་ཆབས་ཅིག་ཞི་བའི་ངོ་རྒོལ་གྱི་དུས་ཡུན་ཡང་ཆུ་ཚོད་  ༡།༡༠  ལས་གནང་མེད། 


དེ་ཉིན་ལས་འགུལ་སྤེལ་དགོས་དོན་དེ་ཡང་ཆེས་ཤིན་ཏུ་ཡིད་སྐྱོ་བའི་གནས་དོན་ནི་  ༢༠༡༦  ཟླ་  ༡༢  ཚེས་  ༨  ཉིན་བོད་མདོ་སྨད་རྨ་ཆུ་རྫོང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་ལགས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གཉའ་གནོན་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་གི་གཅེས་པའི་ལུས་པོ་མེར་བསྲེགས་བཏང་ཏེ་དེ་མ་ཐག་ཏུ་་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལ་གོང་གསལ་སྒྲིག་འཛུགས་གཉིས་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཆེད་དུ་ཡིན་འདུག    ཐོག་མར་ས་འཐུས་མཁར་རྟགས་པ་བཀྲ་ཤིས་བསོད་ནམས་ལགས་ནས་ལས་རིམ་སྙན་སྒྲོན་གནང་བ་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་མཚམས་ད་བར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དམ་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་གནང།   སུད་སི་དང། ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ཉེ་ལམ་འདས་གྲོངས་སུ་གྱུར་པའི་བཀྲ་ཤིས་རབ་བརྟན་ལགས་གཙོས་པའི་ད་ལྟའི་བོད་ནང་གི་གནས་སྟངས་ཇི་ཞན་ཇི་སྡུག་ཏུ་འགྲོ་བཞིན་པའི་སྐོར་གསུང་བཤད་གནང།    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས་ནས་ཀྱང་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གསུང་བཤད་གནང།   བར་མཚམས་ལ་ངར་ཤུགས་ལྡན་པའི་ངང་ཞི་བའི་སྐད་འབོད་ཡང་སེ་གནང།   སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་དང།  ཡུ་རོབ་བོད་རིགས་གཞོན་ནུའི་སྐུ་ཚབ།  ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་བཅས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང།   ད་བར་བོད་བསྟན་སྲིད་དང་མི་རིགས་ཆེད་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་མཁན་བོད་མི་ཁྱོན་མི་གྲངས་  ༡༤༥  བྱུང་པའི་ཁྲོད་ནས་མི་གྲངས་  ༡༢༣   འདས་གྲོངས་སུ་གྱུར་ཡོད།   མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང།  བོད་ཀྱི་མི་རབས་གསར་པའི་ཚོགས་གཙོ་མཁར་འཕགས་ལགས་གཉིས་ནས་རྒྱ་མིའི་གཞུང་ཚབ་ལ་སྙ་ཞུ་སྤྲོད་དུ་ཕེབས།   མང་ཚོགས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས་མི་མང་ཚོགས་གཙོ་མཆོག་ནས་མཇུག་བསྡོམས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་རྗེས་ཕྱག་ཚོད་  ༧།༤༠  ལ་དེ་ཉིན་གྱི་ལས་འགུལ་མཇུག་སྒྲིལ་གནང་བ་བཅས་ཀྱི་གསར་གནས་སྙིང་བསྡུས་སུ།     

གསར་འགོད་པ། བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སམས་རགས།