གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་བྱས་པ།

༄༅།   ཕྱི་ལོ་  ༢༠༡༦   ཟླ་   ༩   ཚེས་  ༥   རེས་གཟའ་ཟླ་བའི་དགོང་དྲོ་སུད་སི་གྲོང་ཁྱེར་འཛུ་རིག་མེ་འཁོར་བབས་ཚུགས་ཉེ་འགྲམ་ ༼ཝེརཌ་མུལཱེ་སྤིལཱ་ཛ་༽ རུ་སུད་སི་དང་། ལིག་ཏེན་སིཊཡན་བོད་རིགས་མི་མང་དང་།   ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་རེད་འདུག   དེ་ཡང་དགོང་དྲོ་ཕྱག་ཚོད་  ༡༨།༠༠  ཐོག་མི་གྲངས་   ༣༥༠  སྐོར་འདུ་འཛོམས་ཀྱིས་ཕྱག་ཚོད་  ༧།༠༠  པའི་ཐོག་ལས་འགུལ་འགོ་འཛུགས་དང་སྦྲགས་ཞི་བའི་སྐད་འབོད་སྒྲོག་བཞིན་ངང་འཛུ་རིག་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་བར་གོམ་བགྲོད་གནང་།   དེ་ཉིན་ལས་འགུལ་སྤེལ་དགོས་དོན་དེ་ཡང་ཆེས་ཤིན་ཏུ་ཡིད་སྐྱོ་བའི་ཀུན་གྱི་དགོངས་མངའ་ལྟར་འདི་ལོ་ཕྱི་ཟླ་  ༧  ཚེས་ ༢༠  ནས་འགོ་བཙུགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་སྡེ་ཆེ་ཤོས་སེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་སྟོང་ཕྲག་བརྒལ་བ་གཏོར་བཤིགས་བཏང་དང་གཏོང་མུས་ཀྱི་མཚོན་པའི་བོད་ནང་ཆོས་དད་རང་དབང་དང་།  འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ཉིན་རེ་བཞིན་ཇི་སྡུག་ཏུ་འགྲོ་བཞིན་པ་ལ་བརྟེན་ནས་ཡིན་འདུག   རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་འབྱོར་མ་ཐག་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བསྟུན་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེག་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་གུས་འདུད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས།   

ཐོག་མར་སུད་སི་དང་། ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་འཚམས་ཞུ་དང་བཅས་བོད་ནང་རྒྱ་གཞུང་ནས་དགོན་སྡེ་གཏོར་བཤིག་བཏང་དང་གཏོང་བཞིན་མ་ཟད་བོད་ཀྱི་ཆོས་དང་སྐད་ཡིག་སོགས་རྩ་མེད་གཏོང་གི་ཡོད་པར་སོང་ཚང་མས་ཐུགས་སྣང་དགོས་གནས་གསུངས།  ཡུ་རོབ་གཞོན་ནུའི་ཚོགས་གཙོས་ G20 ལྷན་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་༧སྙན་ཞུ་མང་ཚོགས་ལ་གསལ་བཤད་གནང་། དེ་ནས་ཨོསི་ཊིཡར་གཞོན་ནུའི་སྐུ་ཚབ་ནས་འཚམས་ཞུའི་གསུང་བཤད།  བོད་ཀྱི་མི་རབས་གསར་པའི་ཚོགས་གཙོ་མཁར་འཕགས་ལགས་ནས་རྒྱ་དམར་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་བོད་མི་རིགས་ཆོས་རིག་དང་བཅས་པ་རྩ་མེད་གཏོང་སེམས་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པ་སོགས། གོ་ལོག་འཇིགས་མེད་ལགས་ནས་བོད་ཀྱི་རྩ་དོན་གནས་སྟངས་ཨ་རིའི་ཕོ་བྲང་དཀར་པོར་༧སྙན་སེང་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་བཅས་ཚང་མ་མཐུན་བསྒྲིལ་མདོག་རྩ་ཆིག་སྒྲིལ་དགོས་པ་སོགས།

ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་ན་གཞོན་མང་དག་ཕེབས་འཛོམས་ཐུབ་པར་དམིགས་བསལ་དགའ་སྤོབས་བསྐྱེད་པ་བཞིན་ཐུགས་རྗེ་ཆེ་སོགས་དང་།  སེར་རྟ་ཁུལ་གྱི་གནས་སྟངས་བོད་མི་མང་སྤྱི་འཐུས་ལྷན་ཁང་ཡོངས་ཁྱབ་གསུང་འཕྲིན་ནང་གསལ་བཀོད་ཡོད་པ་ལྟར་ནང་དོན་ཁག་གསུངས་པ་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་ད་ལྟའི་བོད་ནང་ཆེས་ཛ་དྲག་པའི་གནས་སྟངས་དང་དེ་རིང་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་ཚན་བཅས་གསུང་བཤད་གནང་། དེ་བཞིན་བར་མཚམས་ལ་ཞི་བའི་སྐད་འབོད་ཡང་ཡང་གནང་། རི་ཀོན་མཁན་རིན་པོ་ཆེའི་དབུས་སྐྱབས་གནས་དགེ་འདུན་རྣམ་པས་དབུ་ཁྲིད་པའི་བདེན་ཚིག་སྨོན་ལམ་གསུང་འདོན་གནང་། མཐར་ཕྱག་ཚོད་ ༩།༠༠ ཙམ་ལ་ལས་འགུལ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།  གསར་འགོད་པ།   བསམ་པ་དོན་གྲུབ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སམས་རགས།