གངས་ཅན་པ་ཡོངས་ལ་ཆེད་ཞུ།

དེ་རིང་ ༢༠༡༩ ཟླ་ ༤ ཚེས་ ༡༤ རེ་གཟའ་ཉི་མའི་ཉིན་ད་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཀའ་རྒྱ་ཕེབས་དོན་ལྟར་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཨར་གྷའོ་ས་གནས་ཚོགས་ཆུང་ནས་༧རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་ཁག་ (མ་ཎི་ཡིག་དྲུག་དང་། སྒྲོལ་མ་ཉེར་གཅིག ༧རྒྱལ་བའི་མཚན་སྔགས། བདེན་ཚིག་སྨོན་ལམ། གསུང་བྱིན་བདེན་པའི་རྔ་སྒྲ། གུ་རུའི་ཐུགས་དམ་གནད་བསྐུལ། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས་བཅས།) གསོག་འདོན་རྒྱ་གང་ཆེ་གྲུབ་པ་དང་། དེ་བཞིན་བོད་སློབ་ཀྱི་སློབ་ཕྲུག་རྣམ་པས་ཀྱང་ཟུར་དུ་འཛིན་ཁང་ནང་༧རྒྱལ་བའི་མཚན་སྔགས་འདོན་སྟངས་སྦྱོང་བཞིན་གང་མང་གསོག་འདོན་ཀྱང་གནང་། ཨར་གྷའོ་ས་གནས་ཚོགས་མི་དང་དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཙམ་དོ་སྣང་ཆེན་པོའི་ངང་མཉམ་ཞུགས་གནང་སོང་།
སྔ་དྲོ་ཕྱག་ཚོད་ ༩ པ་ནས་ཕྱི་དྲོ་ཕྱག་ཚོད་ ༡༢ དང་ཕྱེད་ཀའི་བར་ཞབས་རིམ་ཁག་ལེགས་གྲུབ་བྱུང་རྗེས་མི་མང་རྒན་གཞོན་ཡོངས་ནས་རོ་བཅུད་ལྡན་པའི་ཕྱི་དྲོའི་གསོལ་ཚིགས་དཀར་ཟས་ལ་རོལ་བ་དང་དེའི་རྗེས་ཕྱི་དྲོ་ཕྱག་ཚོད་དང་པོ་ནས་བཞི་པའི་བར་སློབ་ཕྲུག་རྣམས་བོད་ཀྱི་སྐད་ཡིག་འཛིན་གྲྭར་མཉམ་ཞུགས་གནང་། ཉིན་རྒྱབ་དེའི་ཚེ་ཁྱིམ་བདག་ཕ་མ་རྣམས་དང་དེ་བཞིན་དོན་གཉེར་ཅན་རྣམས་ལ་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས་སླར་ཡང་ཕྲུག་གུས་འབྲི་ཀློག་ཡར་རྒྱས་གཏོང་ཐབས་སྐོར་ཕ་མར་ཟབ་སྦྱོང་གནང་བ་ཞིག་དེ་སྔའི་ལྷག་འཕྲོ་བརྙན་པར་བརྒྱུད་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། གསོལ་ཇ་བར་གསེང་གི་རྗེས་སུ་བསྟན་འཛིན་རབ་དགའ་ལགས་ནས་བོད་རིགས་རྒན་གཞོན་ཀུན་ལ་སྨན་པའི་མ་འོངས་མི་ཚེའི་མདུན་ལམ་དང་དཔལ་འབྱོར་དངུལ་འབབ་གོང་འཕེལ་སོགས་དང་འབྲེལ་བའི་གལ་ཆེའི་ལམ་སྟོན་སོགས་གོ་སྒྲིག་ཞུས།
དེ་རིང་དཀར་ཕྱོགས་དགེ་བའི་ཉིན་གྱི་མི་མང་དད་ལྡན་ཡོངས་ལ་ཕྱི་དྲོའི་གསོལ་ཚིགས་ཆ་ཚང་ (Lenzburg) ནང་གནས་སྡོད་ལྷག་བསམ་ཅན་ཚེ་སྒྲོལ་དང་བསོད་ནམས་ནང་མི་ནས་འཐུན་འགྱུར་གནང་བ་དང་། དེ་བཞིན་ཉིན་གང་པོར་གསོལ་ཇ་དང་གཞན་ཡང་བཏུང་བ་རིགས་མཐའ་དག་ (Bremgarten) ནང་གནས་སྡོད་ལྷག་བསམ་ཅན་བསོད་ནམས་ཁང་གསར་ནང་མི་ནས་འཐུན་འགྱུར་གནང་། ཨར་གྷའོ་ས་གནས་ཀྱི་རྐང་པོལ་རུ་ཁག་གི་ཚོགས་མི་ཁག་ཅིག་ནས་གསོལ་ཚིགས་དང་གསོལ་ཇ་བཟོ་གནང་རྒྱུའི་གསོལ་ཐབ་ནང་གི་ཕྱག་ལས་ཡོངས་རྫོགས་འགན་འཁུར་ཆ་ཚང་བཞེས་གནང་སོང་།
མདོར་ན་༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཨར་གྷའོའི་དད་ལྡན་མི་མང་ཡོངས་དང་། གསོལ་ཚིགས་དང་བཏུང་བ་རིགས་ཀྱི་མཐུན་འགྱུར་གནང་མཁན། གསོལ་ཐབ་ནང་གི་ཕྱག་ལས་གནང་མཁན་བཅས་ཡོངས་ལ་ཨར་གྷའོ་ས་གནས་ཚོགས་ཆུང་གི་རྒྱུན་ལས་ཐུན་མོང་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་དེ་རིང་གི་དགེ་རྩ་གང་བསགས་པ་རྣམས་དེ་དེ་བཞིན་གནད་སྨིན་ཡོང་བའི་རེ་སྨོན་བཅས།

ས་གནས་ཨར་གྷའོ་ཚོགས་ཆུང་ནས་ ༢༠༡༩ ཟླ་ ༤ ཚེས་ ༡༤ ཉིན་འབུལ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།