ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ།

ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས ༡༠ ཉིན་ནས་འགོ་བཙུག་སྟེ་སུད་སི་ནང་གནས་སྡོད་སྟག་ཚང་དཀོན་ཅོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་ལས་ཀའི་དུས་ཚོད་བྲེལ་ཟིང་ཇི་ལྟར་ཆེ་ཡང་འགྲོ་གྲོན་སྒེར་ངོས་ནས་བཏང་སྟེ་རྒྱལ་ཚོགས་མདུན་དུ་ཟླ་རེར་ཐེངས་གཉིས་རེ་རྒྱུན་ཆགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་ཡོད་པ་དང་། ད་ལོའི་ཕྱི་ཟླ ༡༠ ཚེས་ ༢ ཉིན་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ་དེ་སྤེལ་ཡོད་འདུག

ལས་འགུལ་སྤེལ་མཁན་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ལགས་སུ་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ག་ཚོད་སྤེལ་ཡོད་མེད་དང་། ལས་འགུལ་སྤེལ་སྟངས་ཇི་འདྲ་ཡིན་པའི་ཐད་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ཐེངས་འདིའི་ལས་འགུལ་འདི་ངེད་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ཤི་ཤུ་པ་དེ་ཆགས་ཀྱི་ཡོད་ལ། དེ་ཡང་ཟླ་གཅིག་གི་ནང་གཟའ་ལྷག་པ་དང་པོ་དང་། གཟའ་ལྷག་པ་གསུམ་པ་གཉིས་སུ་བསྟུན་མར་ཟླ་རེར་ཐེངས་གཉིས་རེ་སྤེལ་གྱིན་ཡོད། ཐེངས་འདི་ནི་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ཉི་ཤུ་བ་དེ་ཆགས་ཀྱི་ཡོད། ཅེས་དང་། ལས་འགུལ་སྤེལ་སྟངས་དེ་ཡང་མི་མང་པོ་ལྷན་དུ་འཛོམས་ཏེ་སྐད་འབོད་སོགས་གནང་རྒྱུ་དེ་མ་ཡིན་པར། སུད་སི་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ས་གནས་གཞུང་ལ་ཆོག་མཆན་ཞུས་པའི་ཐོག་ནས། རྒྱལ་ཚོགས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་དང་། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར། དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདོད་འཁོད་པའི་ཡིག་ཆ་ཁག་དང་འཕྲེལ་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ། དེ་བཞིན་བཀའ་ཤག་སྐབས་བཅུ་གསུམ་པས་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་ཡིག་ཆ་འདྲ་མིན་རྒྱ་ཡིག་དང་། དབྱིན་ཡིག། འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་ཡོད། དེ་ཡང་གཙོ་བོ་གསར་གནས་སྔོན་མ་ཁག་གི་ནང་བཀོད་ཟིན་པ་ལྟར་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་དྲུག་བཏོན་པའི་ཐོག་ནས་ལས་འགུལ་སྤེལ་གྱིན་ཡོད་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་གཉིས་ལ་དགོས་འདུན་སྙན་ཞུ་གཏོང་གི་ཡོད། ཅེས་གསུངས་སོང་།

ཡང་ཁོང་ལ་ཐེངས་འདི་ནི་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཐེངས་ཉི་ཤུ་བ་དེ་ཆགས་ཀྱི་ཡོད་པ་ལྟར། ཐེངས་ཉི་ཤུ་བའི་ལས་འགུལ་ནང་དམིགས་བསལ་ག་འདྲ་བྱུང་ཡོད་མེད་སྐོར་སྐད་ཆ་དྲིས་པར་ཁོང་གིས། དེ་རིང་གི་ལས་འགུལ་འདི་ནི་ཐེངས་ཉི་ཤུ་བ་དེ་ཆགས་ཀྱི་ཡོད། ཐེངས་ཉི་ཤུ་བའི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་འདིའི་ནང་དམིགས་བསལ་ག་རེ་བྱུང་སོང་ལབ་ན། ནམ་རྒྱུན་རྒྱ་ནག་སྐམ་ས་དང་ཐེ་ཝན་སོགས་ནས་ཡོང་མཁན་གྱི་རྒྱ་རིགས་ཚོར་བོད་གནས་ཡིག་ཆ་ཁག་དང་། ༧གོང་ས་མཆོག་གི་དགོངས་གཞི་སོགས་འགྲེམ་སྤེལ་ཐུབ་ཀྱིན་ཡོད་ཀྱང་། དེ་རིང་ཧ་ལས་པའི་རྒྱ་རིགས་ཕོན་ཆེན་པོ་སླེབས་ཀྱིན་འདུག་པས། རྒྱ་ཡིག་ཐོག་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། ༧གོང་ས་མཆོག་གིས་རྒྱ་རིགས་ཚོར་བསྩལ་བའི་བཀའ་སློབ། དེ་བཞིན་རང་སྲེག་ལས་འགུལ་གྱི་རྒྱབ་ལྗོངས་འགྲེལ་བརྗོད་སོགས་ཡིག་ཆ་མང་པོ་འགྲེམ་སྤེལ་བྱེད་ཐུབ་སོང་། ལྷག་པར་དུ་རང་སྲེག་ལས་འགུལ་དང་འབྲེལ་ནས་རྒྱ་ནག་གི་དྲང་བདེན་པའི་ཁྲིམས་ཆད་འོག་གྲྭ་བློ་བཟང་དཀོན་མཆོག་དང་། སྒྲོལ་མ་སྐྱབས་གཉིས་དུས་བཀག་སྲོག་ཐོག་ཁྲིམས་ཆད་གཏོང་བར་རྒྱལ་ཚོགས་གཙོས་གཞུང་དང་ཚོགས་སྡེ་ཁག་གིས་གཟིགས་ཞིབ་ཡོང་རྒྱུ་དང་། ཁོང་རྣམ་པ་གཉིས་ཀྱི་སྲོག་སྐྱོབ་དགོས་པའི་འབོད་སྐུལ་ཡིག་ཆ་སོགས་འགྲེམ་སྤེལ་གནང་ཡོད། དེ་བཞིན་ཐེངས་འདིར་རྒྱལ་ཚོགས་མདུན་གཅིག་པུར་མ་ཡིན་པར་གྲོང་ཁྱེར་ཇི་ནེ་ཝི་མེ་འཁོར་འབབ་ཚུགས་སུའང་བོད་གནས་ཡིག་ཆ་འགྲེམས་སྤེལ་བྱས་པས། ཡིག་ཆ་ཁག་གྲངས་མང་པོ་འགྲེམས་སྤེལ་ཞུ་ཐུབ་སོང་། ཞེས་ཟེར། ཡང་ཁོང་ལ་ཁྱེད་ཁྱིམ་ཚང་གཉིས་ཀྱིས་ལས་འགུལ་སྤེལ་ཏེ་ཐེངས་ཉི་ཤུ་བར་སླེབས་འདུག་པ་དང་། ད་དུང་མུ་མཐུད་ལས་འགུལ་རྒྱུན་མཐུད་གནང་གིན་ཡོད་པ་ལྟར། ཁྱོད་ཀྱིས་ལས་འགུལ་འདིའི་གྲུབ་འབྲས་ལ་རེ་བ་ག་འདྲ་གནང་གིན་ཡོད། ཅེས་དྲིས་པར། མ་གཞི་ལས་འགུལ་གྱི་དགོས་འདུན་དོན་ཚན་ཁག་ལ་རྒྱལ་ཚོགས་ཀྱི་ཡ་ལན་ཡག་པོ་ཞིག་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཀྱང་། མ་མཐར་ཡང་ངེད་ཁྱིམ་ཚང་གཉིས་ཀྱིས་མུ་མཐུད་རྒྱུན་རིང་པོ་ཞིག་ལ་འདི་ལྟར་ལས་འགུལ་སྤེལ་བསྡད་པ་ཡིན་ན། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་བོད་དོན་ཐད་དྲན་གསོ་ཞུ་ཐུབ་རྒྱུ་མ་ཟད། ཕྱི་རྒྱལ་མི་རིགས་ཁག་དང་རྒྱ་རིགས་མང་པོར་བོད་ནང་གི་དཀའ་ངལ་འགྲེལ་བརྗོད་ཞུ་ཐུབ་ཀྱིན་འདུག་སྙམ་པ་ཡོང་གི་འདུག ཅེས་གསུངས་སོང་།

འབྲེལ་གཏུག་ཞུ་ཡུལ།
ཁ་པར། 0041764774162 སྟག་ཚང་དཀོན་ཅོག
ཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས།

An appeal letter
Letter to Human right UN 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།