ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་བོད་དོན་ལས་གུལ་སྤེལ་བ

དྲི་བ། ཡུ་རོབ་སྤྱི་ཟུར་སྐུ་ངོ་ཚེ་རྡོར་ལགས་དེ་རིང་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དགོས་དོན་གང་ཡིན། 
དེ་རིང་ལས་འགུལ་འདིར་མཉམ་ཞུགས་ཞུ་དགོས་དོན་གཙོ་བོ་ནི། སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་ནང་མི་གཉིས་ཀྱི་བོད་ཀྱི་གནས་སྟངས་ཐད་གདོང་ལེན་དང་། བོད་ནང་གི་གནས་སྟངས་ཁྱབ་བསྒྲགས་བྱ་ཆེད་ལས་འགུལ་འདི་འདྲ་ཞིག་མི་ཚང་གཉིས་ཀྱིས་སྤེལ་གྱིན་ཡོད་པ་རེད།  དེ་ཡང་མ་སྐུལ་དང་བླང་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་དམིགས་ནས་ལས་འགུལ་བརྩམས་པ་ཞིག་ཡིན་སྟབས། ང་རང་ཉམས་ཞུགས་དང་སྐྱབ་སྐྱོར་ཞུ་དགོས་པ་ཞིག་དང་སྐྱབ་སྐྱོར་བྱ་འོས་པ་ཞིག་ཡིན་པར་བསམ་སོང་ལ། དང་པོ་ལས་འགུལ་འདི་བརྩམས་དུས་ནས་ངས་ཁོང་གཉིས་ལ་ཞུ་རྒྱུ་བྱུང་། ཁྱེད་རང་གཉིས་ཀྱི་ལས་འགུལ་འདི་ལོ་གཅིག་རིང་སྤེལ་གྱིན་ཡོད་པ་དང་། ལོ་གཅིག་གི་ནང་ལ་ང་རང་ངེས་པར་དུ་ཉིན་གཅིག་རིང་མཉམ་ཞུགས་ཞུ་གི་ཡིན་ཞེས་ཞུས་པ་ནང་བཞིན་དེ་རིང་འདིར་མཉམ་ཞུགས་ཀྱི་གོ་སྐབས་བསླངས་པ་ཡིན། 

དྲི་བ། ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་དུས་ཡུན་གང་འཚམས་ཕྱིན་ཡོད་པ་རེད། འདི་བཞིན་མི་སྒེར་ཀྱི་བོད་དོན་ལས་འགུལ་མུ་མཐུད་སྤེལ་བས་་བོད་ཀྱི་རྩ་དོན་ཆེད་ནུས་པ་ག་འདྲ་ཞིག་ཐོན་པའི་ངོས་འཛིན་ཞུ་བཞིན་ཡོད། 
ངས་ནམ་རྒྱུན་ག་འདྲ་ཞིག་བསམ་གྱིན་ཡོད་ཟེར་ན། ང་རང་ཚོ་རང་དབང་ལུང་བར་གནས་བའི་བོད་པ་ཚང་མ་ལ་བོད་པ་ཡིན་པའི་ཆ་ནས་བོད་པའིོ་ལས་འགན་ཞིག་རང་བཞིན་གྱིས་ཡོད་བསྡད་པ་ཡིན་དུས། ང་རང་ཚོ་མི་སྒེར་ངོས་ནས་དང་། ཚོགས་པ་སྐྱིད་སྡུག་གི་ངོས་ནས་ལས་འགུལ་སྤེལ་དགོས་པ་དེ་འོས་ཤིང་འཚམས་པ་ཞིག་དང་། དུས་ལ་བབས་པའི་ཆར་བ་ནང་བཞིན་རེད་བསམ་གྱིན་ཡོད།  ཁོང་གཉིས་ཀྱིས་ལས་འགུལ་སྤེལ་བཞིན་པ་འདི་ཉིན་མ་ཁ་ཤས་མ་ཡིན་པར་ལོ་གཅིག་ཧྲིལ་བོར་བརྩམ་གནང་གི་ཡོད་པ་རེད།  དེ་ཡང་ལོ་གཅིག་ཧྲིལ་བོའི་ནང་ཟླ་རེའི་གཟའ་ལྷག་པ་ཐེངས་གཉིས་རེ་བཞིན་སྤེལ་བཞིན་པ་དེ་བོད་ནང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལྷག་དཀར་སྲུང་བརྩིའི་ལས་འགུལ་སྤེལ་བཞིན་པར་སྟབས་བསྟུན་ནས་སྤེལ་བཞིན་པ་ཡིན་དུས། དུས་ཚོད་དང་ཆབ་སྲིད་ཀྱི་གནས་བབ་གང་ཅིའི་ཐད་དགོས་མཁོ་ཡོད་པ་ཞིག་རེད།  བོད་ཀྱི་གནད་དོན་དེ་ཆེད་ང་རང་ཚོ་མི་སྒེར་ངོས་ནས་དང་། གཞུང་མང་གཉིས་ཀའི་ཐོག་ནས་གནས་བབ་ལ་དཔག་པའི་དྲིལ་བསྒྲགས་དང་ལས་འགུལ་ཤུགས་ཆེན་པོ་གནང་གི་ཡོད་པ་རེད་དེ།  ད་དུང་ཡིན་ནའང་གནས་ཚུལ་ཁ་ཤས་ཐོག་སྟོང་ཆ་ལྷག་ཡོད་པ་ཚང་མས་ཤེས་བཞིན་པ་རེད། དེ་འདྲ་ཡིན་དུས་ཁྱིམ་ཚང་འདི་གཉིས་ཀྱིས་ལས་འགུལ་དུས་ཡུན་རིང་པོར་སྤེལ་གནང་གི་ཡོད་པ་དང་། ལས་འགུལ་སྤེལ་དུས་སྐབས་ལའང་བོད་ཀྱི་རྒྱལ་དར་མང་པོ་སྒྲེང་འཛུགས་དང་། བོད་ནང་གི་ཛ་དྲག་གནས་ཚུལ་ཞིབ་ཚགས་འཁོད་པའི་དབྱིན་ཇི་དང་།  ཧྥི་རན་སི། འཇར་མན། རྒྱ་ཡིག་སོགས་ཀྱི་ནང་འགྲེམ་རྒྱུ་ཡོད་པ། ལས་འགུལ་སྤེལ་ས་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་རང་ཡིན་པ་ཡིན་ཙང་རྒྱལ་ཚོགས་ཀྱི་ལས་བྱེད་རྣམས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་དང་། ཡུལ་སྐོར་སྤྲོ་འཆམ་པ་མང་པོ། ལྷག་པར་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབས་ཡོང་གི་འདུག   གང་ལྟར་འདུ་འཛོམས་ཆེ་སའི་ས་ཆ་འདི་འདྲ་ཞིག་ལ་ལས་འགུལ་འདི་ལྟར་སྤེལ་བས་ཏན་ཏན་ཁྱབ་བསྒྲགས་སོགས་ཀྱི་ཐད་ནུས་པ་ལེགས་པོ་ཡོང་གི་འདུག་སྙམ་པའི་ཚོར་སྣང་ཆེན་པོ་བྱུང་། 

དྲི་བ། སྐུ་ངོ་ལགས་ཡིན་ན་ཡུ་རོབ་ཀྱི་སྤྱི་ཟུར་ཡིན་པས་ཡུ་རོབ་ཀྱི་ལུང་པ་མང་པོར་ཆ་རྒྱུས་ཆེན་པོ་ཡོད་སྟབས། ཡུ་རོབ་ཁག་ནང་ཚོགས་པ་སྐྱིད་སྡུག་ཁག་དང་མི་སྒེར་བཅས་ནས་མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་བར་གལ་ཆེ་ཤོས་དང་དོ་སྣང་སྤྲོད་དགོས་ས་ག་འདྲ་དགོངས་ཀྱི་ཡོད། 
ང་རང་སུད་སི་ནང་ལ་བསྡད་ཡོད་ཡིན་ཙང་ངས་སུད་སི་ནང་ལ་ཡག་ཤོས་དེ་ཤེས་ཀྱི་རེད།  སུད་སི་ནང་ལ་བོད་རིགས་མི་མང་གི་སྒྲིག་འཛུགས་དང་། གཞོན་ནུ། བུད་མེད། བོད་ཀྱི་མི་རབས་གསར་བའི་མཐུན་ཆོགས། ས་གནས་ཚོགས་ཆུང་ཁག་དང་མི་སྒེར་བཅས་ནས་ལས་འགུལ་ཧ་ཅང་མང་པོ་སྤེལ་དང་སྤེལ་བཞིན་པ་རེད།  ངས་བསམ་ན་ལས་འགུལ་སྤེལ་སྟངས་དེ་ཞི་བའི་གོམ་བགྲོད་བྱེད་པ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱེད་རྒྱུ་དེ་ད་མོས་བཞིན་བྱེད་རྒྱུ་གལ་ཆེན་པོ་རེད།  ལས་འགུལ་དེ་ཚོའི་རིགས་ས་གནས་སོ་སོ་ལ་རྒྱུན་དུ་ལས་འགུལ་ཚགས་ཚུད་སྤེལ་གལ་ཆེ་བ་དང་། དོ་ནན་གྱིས་དོ་སྣང་སྤྲོད་དགོས་པར་བསམ། 

དྲི་བ། ད་ལྟའི་ཆར་ཡུ་རོབ་ཁུལ་ནང་ཚོགས་པ་སྒྲིག་འཛུགས་ཁག་དང་མི་སྒེར་བཅས་ནས་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་།  བོད་མི་རིགས་གཅིག་ལ་བོད་ཀྱི་གནས་སྟངས་ཐད་སེམས་ཚོར་མེད་པ་དང་དོ་སྣང་མེད་པའི་གནས་ཚུལ་འབྱུང་བཞིན་པའི་ཐད་དགོངས་ཚུལ་གང་ཡོད། 
དངོས་ཡོད་གནས་ཚུལ་བྱས་པ་ཡིན་ན་མི་ཁ་ཤས་ཤིག་གིས་ལས་འགུལ་རྩོམ།  ཡང་ཁ་ཤས་ཤིག་གིས་ལྟད་མོར་བལྟས་ནས་འདུག་པའི་དུས་ཚོད་མ་རེད། ཁ་ཞེ་གཉིས་མེད་ཀྱི་བོད་པ་ཞིག་ཡིན་པ་ཡིན་ན་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆེད་ལས་འགུལ་གཅིག་པ་གནང་ཐུབ་དགོས་པ་རེད།  སོ་སོ་ལ་དཔག་པའི་ལས་འགུལ་ཞིག་སྤེལ་དགོས་པ་དེ་མི་རེ་ངོ་རེ་ནས་སོ་སོའི་ལས་འགན་ཡིན་བསམ་ཏེ་སྤེལ་དགོས་པ་གལ་ཆེན་པོ་འདུག འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། སྤྱི་ཚོགས་ནང་མི་ ཁ་ཤས་ལ་དོ་སྣང་མེད་བསྡད་མཁན་འདྲ་བོ་དང་།  ལྷག་པར་དུ་མི་ཁ་ཤས་གནས་སྟངས་དེ་འདྲ་ལ་ཚོར་བ་མེད་པ་ཙམ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུས་པའི་ལྷག་བསམ་ཟོལ་མེད་ཀྱིས་དབུ་ཁྲིད་གནང་མཁན་རྣམས་ལ་སྐྱོན་བརྗོད་བྱེད་མཁན་སོགས་ཏོག་ཙམ་ཡོང་གི་ཡོད་པ་རེད།  གནས་ཚུལ་འདི་རིགས་བློ་ཕམ་གྱི་རང་བཞིན་རེད།  

དྲི་བ། སྐུ་ངོ་ལགས་ཡིན་ན་ཡུ་རོབ་ཀྱི་སྤྱི་ཟུར་ཞིག་ཡིན་པ་དང་། ལྷག་པར་སུད་སི་ནང་བོད་མི་རྣམས་ཀྱི་གུས་བརྩི་ཞུ་སའི་མི་སྣ་ཞིག་ཡིན་པས་ཐེངས་འདི་བརྒྱུད་ནས་མི་མང་ཚང་མར་རེ་སྐུལ་ཞུ་རྒྱུ་ག་རེ་ཡོད།
ང་ལ་རེ་སྐུལ་གསར་བ་དེ་འདྲའི་གང་ཡང་ཞུ་རྒྱུ་མེད། བསྐྱར་ཟློས་ཡང་ཟློས་བྱས་ཏེ་ཞུས་པ་ཡིན་ན། གལ་ཆེ་ཤོས་དེ་སོ་སོ་གང་དུ་བསྡད་པ་ཡིན་ནའང་བོད་པ་ཡིན་བསམ་པ་ཞིག་དང་། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་མ་བརྗེད་པ་ཞིག བོད་ནང་རྒྱ་ཆེའི་སྤུན་ཟླ་མི་རིགས་རྣམས་ཛ་དྲག་གི་ནང་གནས་བསྡད་ཡོད་པ་དེ་ཤེས་དགོས་པ་མ་ཟད། ཆོས་དད་རང་མོས་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་བསྡད་པའི་དཀའ་ངལ་གྱི་གནས་སྟངས་དེ་ག་དུས་ཡིན་ཀྱང་མ་བརྗེད་པར། གོང་དུ་ཞུས་པ་བཞིན་རང་རང་སོ་སོའི་ནུས་པ་ལ་དཔག་པའི་ལས་འགུལ་སྣ་ཚོགས་བརྩམ་དགོས་པ།   ༧སྐྱབས་མགོན་རིན་པོ་ཆེ་འདི་ཉིད་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཡིན་བསམས་ནས་བཀའ་དྲིན་ལོག་འཇལ་དུ་མ་འགྲོ་བ་ཞིག་ངེས་པར་དུ་དྲན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད་བསམ་གྱི་ཡོད།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།