ཁྱིམ་ཚང་གཉིས་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ།

ཕྱི་ཟླ ༥ ཚེས ༢༢ ཉིན་གྱི་ཆུ་ཚོད ༡༡ ནས་ཆུ་ཚོད་ ༥ བར་སུད་སི་གྲོང་ཁྱེར་ལུའུ་ཙན་ (Luzern) ནང་གནས་སྡོད་བྱེད་མཁན་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་སུད་སི་དང་ལེཀ་ཏན་སི་ཊཡན་བོད་རིགས་མི་མང་གི་བོད་དོན་དྲིལ་བསྒྲགས་ཡིག་ཆ་འགྲེམ་སྤེལ་ཆེད་ས་གནས་ཨེམ་མེན་བྷུ་རོ་ཁཱུ (Emmenbrück) ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བརྗོད་ཡིག་ཆ་འགྲེམ་སྤེལ་གྱིས་ས་གནས་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས་གནང་ཡོད་འདུག

ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་མཁན་སྟག་ཚང་དཀོན་ཅོག་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དགོས་འདོད་ཁག་ངོ་སྤྲོད་གནང་དོན། ངེད་གཉིས་ཀྱི་ངོ་རྒོལ་ལས་འགུལ་འདི་སྤེལ་དགོས་དོན་ནི། རྒྱ་དམར་གྱི་བཙན་འཛུལ་དབང་བསྒྱུར་འོག་བོད་མི་ས་ཡ་གཅིག་དང་འབུལ་གཉིས་ལྷག་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བ་དང་། ཁྱད་པར་དུ་དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུའི་ནང་གི་ཡར་ལངས་དང་། ༢༠༠༨ལོའི་བོད་ས་ཡོངས་རྫོགས་ནས་རྒྱ་དམར་གཞུང་གི་བོད་ཀྱི་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་རེད། དེ་བཞིན་རྒྱ་གཞུང་གིས་བོད་དང་བོད་མིའི་རང་དབང་ཡོངས་སུ་འཕྲོག་པའི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་འཐབ་རྩོད་ཆེད་དུ་ཕྱོ་ལོ ༢༠༠༩ ལོར་མདོ་སྨད་རྔ་བའི་ནང་གྲྭ་བཀྲ་བྷེ་ལགས་ཀྱི་རང་ལུས་མེར་སྲེག་ཕུལ་བ་ནས་ད་ལྟའི་བར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས ་༡༡༧ ཙམ་གྱིས་རང་ཉིད་ཀྱི་རྩ་ཆེ་བའི་སྐུ་ལུས་མཆོད་མེར་ཕུལ་ཏེ། འཛམ་གླིང་ལོ་རྒྱུས་ནང་བྱུང་མ་མྱངས་པའི་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་ཚད་མཐོ་ཤོས་དང་རླབས་ཆེ་ཤོས་ཀྱི་ཟིན་ཐོ་གསར་བ་ཞིག་བཀོད་པ་དང་། ད་དུང་བོད་ནང་དུ་བླ་ཆེན་རྣམས་དང་། མཁས་དབང་། རྩོམ་པ་བོ། སྒྱུ་རྩལ་བ། གཞས་པ། མི་མང་སྟོང་ཕྲག་མང་པོས་རྒྱ་དམར་གྱི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པ་རེད། ལྷག་དོན་བོད་ཀྱི་ས་ཁུལ་ཁྱོན་ཡོངས་བཙོན་ཁང་ལྟ་བུར་བསྒྱུར་ཏེ་མི་མང་ཡོངས་ཀྱིས་གདུག་རྩུབ་དྲག་གནོན་གྱི་བཟོད་དཀའི་སྡུག་སྔལ་མྱོང་བཞིན་པ་ཡིན་སྟབས། བྱིས་འབྱོར་བོད་པ་རྣམས་ཀྱིས་རང་རང་གི་འཇོན་ཚོད་དང་ནུས་ཚོད་ཀྱིས་བོད་ནང་གི་ཆེས་ཛ་དྲག་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་པ་ལྟར།དེ་རིང་ལྷག་དཀར་སྲུང་བརྩི་དང་སྟབས་བསྟུན། སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་བོད་དོན་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་ལས་འགུལ་ལ་ཕྱར་གྲུ་མཉམ་འདེགས་བྱ་ཆེད། ངེད་ཁྱིམ་ཚང་གཉིས་ཀྱིས་ཆེད་དུ་ས་གནས་འདི་གར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་བཞིན་ཡོད། ཅེས་སོགས་གསུངས་སོང་། 

ཐེངས་འདིའི་བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆའི་ནང་བཀོད་པའི་བརྗོད་དོན་སྙིང་པོ་ནི། བོད་ནང་གི་བོད་མི་བརྒྱ་༡༡༧ ཙམ་གྱིས་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་གསལ་བརྗོད་བྱས་འདུག་པ་དང་། དེ་བཞིན་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་སྟོང་ཕྲག་ལྔ་ལྷག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་ཚབ་གྱིས་ཐེངས་མང་རྒྱ་གཞུང་གིས་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་ཐད་གང་མགྱོགས་སྲིད་བྱུས་བསྒྱུར་གྱིས་བོད་དོན་ཐག་གཅོད་གནང་དགོས་བའི་འབོད་སྐུལ་དང་། དེ་བཞིན་འདི་གའི་བོད་རིགས་སྟོང་ཕྲག་ལྔ་ལྷག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ངེས་པར་གཏོང་གནང་དགོས་པའི་འབོད་སྐུལ་སོགས་དགོས་འདུན་དོན་ཚན་ཁག་བཀོད་འདུག

ལས་འགུལ་འདིར་ཁྱིམ་ཚང་གཉིས་ཀྱི་ནང་མི་གཙོས་མི་གྲངས༡༡ ལྷག་ཉམས་ཞུགས་བྱས་འདུག་ལ། བོད་གནས་འགྲེལ་བརྗོད་ཡིག་ཆ་གྲངས་༣༠༠ ལྷག་འཇར་མན་སྐད་ཡིག་ནང་བསྒྱུར་ཏེ་ས་གནས་མི་མང་ལ་འགྲེམས་སྤེལ་གནང་ཐུབ་ཡོད་འདུག་ལ། ཐེངས་འདིའི་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་མཁན་ཁྱིམ་ཚང་འདི་གཉིས་ཀྱིས་ད་ལོའི་ལོ་སར་སྐབས་ནས་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གདུག་གི་ལས་འགུལ་ཟླ་རེར་ཐེངས་གཉིས་རེ་སྤེལ་དང་སྤེལ་བཞིན་ཡོད་ཅིང་། ད་ལྟའི་བར་ཁྱིམ་ཚང་གཉིས་ཀྱི་ངོས་ནས་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༡༡ དང་། གོང་བརྗོད་ས་གནས་རང་དུ་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་བ་བཅས་ཁྱོན་ལས་འགུལ་ཐེངས་༡༢ སྤེལ་ཡོད་འདུག་པ་མ་ཟད། ད་དུང་མུ་མཐུད་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་འགྲོ་དང་འགྲོ་བཞིན་པ་ཡིན་འདུགགསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སམས་རགས།