ཁམས་ནགས་ཤོད་འབྲི་རུ་རྫོང་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བའི་ཉིན་ཁམས་ནགས་ཤོད་འབྲི་རུ་རྫོང་གི་པད་དཀར་ཤང་ནག་རོག་ཕམ་པ་གྲོང་ཚོའི་བོད་མི་རང་ལོ་ ༢༠ ཡིན་པའི་ཚེ་སྤོ་དང་། རང་ལོ་ ༢༥ ཡིན་པའི་བསྟན་འཛིན་གཉིས་ཀྱིས། ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་གིས་ “ བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས” ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། ཚེ་སྤོ་ལགས་དེ་རང་དུ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་པ་ཚེ་སྤོ་ལགས་ཀྱི་ཕ་མིང་ལ་བུ་ཆུང་དང་། མ་མིང་ལ་དགའ་དགའ་འབོད་ཀྱི་ཡོད་པ་དང་། བསྟན་འཛིན་ལགས་ཀྱི་ཕ་མིང་ལ་ཉི་མ་དང་། མ་མིང་ལ་ལུགས་དགེ་འབོད་ཀྱི་ཡོད་འདུག བསྟན་འཛིན་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་རྗེས་སུ་ཇཱ་བོད་ཁྱིམ་དུ་ཟླ་ ༦ ཙམ་རིང་སྡོད་མྱོང་ཡོད་འདུག གནས་ཚུལ་བྱུང་རྗེས་ནག་རོག་ས་ཁུལ་དུ་རྒྱ་མིའི་དམག་མི་དང་ཉེན་རྟོག་མི་སྣ་ཧ་ཅང་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་དང་། ས་གནས་ཀྱི་ཁ་པར་དང་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་པ་མ་ཟད། ས་གནས་བོད་མིའི་ལག་ནས་གང་བྱུང་ཁ་པར་སོགས་བཙན་འཕྲོག་དང་འཛིན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།