ཀང་ར་རྫོང་ཁུལ་དུ་དྲག་སྤྱོད་པ་དོགས་ཡོད་གཉིས་འཛིན་བཟུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༢ཉིན། ཟླ་འདིའི་ཚེས་༡༥ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁུལ་དྷ་རམ་ས་ལའི་ཉེ་འགྲམ་དུ། ཇཱ་མུ་ཀཱ་ཤི་སྨིར་ནས་ཡོང་བའི་མི་གཉིས། འཇིགས་སྐུལ་རིང་ལུགས་པའི་དོགས་གཞི་འོག རྒྱ་གར་ཉེ་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་གཉིས་པོའི་ནང་གཅིག་གི་མིང་ལ་ཇཱ་མལ་རང་ལོ་༢༠དང༌། གཞན་དེའི་མིང་ལ་ གྷུ་ལམ་རང་ལོ་༣༥ཡིན་འདུག ཀང་ར་རྫོང་ཉེན་རྟོག་པས་ཁོ་གཉིས་པོ་འཛིན་བཟུང་བྱས་རྗེས། ཁོང་གཉིས་ཀྱི་ཁ་པར་ཨང་གྲངས་དེའི་ཐོག་ནས་ཇཱ་མུ་དང་ཀཱ་ཤི་སྨིར་ཐེ་བའི་ས་ཆ་གང་སར་ཁ་པར་བཏང་ཡོད་པ་དང༌། གཞན་ཡང་ཁོང་གཉིས་ཀྱིས་བཙན་བྱོལ་བོད་གཞུང་དང༌། དྷ་སའི་ཉེ་འགྲམ་དུ་ཡོད་པའི་དབྱུག་རྩེད་པོ་ལོའི་རྩེད་ཐང༌། ད་དུང་མཁོ་སྒྲུབ་བྱས་པའི་དམག་སྒར་༩ཙམ་གྱི་གནས་ཚུལ་རྙེད་སོན་བྱུང་ཡོད་འདུག
གཞན་ཡང་ཁོང་གཉིས་པོའི་ས་ཁྲ་དང༌། ཐུང་མདའ། ད་དུང་ལག་འཁྱེར་རྫུན་མ་ཁག་ཅིག་ཀྱང་རྙེད་སོན་བྱུང་ཡོད་འདུག་པ་དང༌། རྗེས་སུ་ཉེན་རྟོག་པས་གནས་ཚུལ་ཞིབ་ཕྲ་བརྟག་དཔྱད་བྱས་སྐབས། ཁོང་གཉིས་ནི་ཇཱ་མུ་ཀཱ ཤི་སྨིར་གྱི་ཌོ་ཊ་རྫོང་ཁོངས་ཀྱི་མི་ཡིན་པ་དང༌། པཱ་ཀི་སི་ཐན་ནང་རྟེན་གཞི་བྱས་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་གང་རུང་ཞིག་ནས་མངག་གཏོང་བྱས་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།