༸བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཕུལ།

ཕྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་སུད་སི་སུ་རྒྱལ་ཡོངས་བོད་སློབ་ཉིན་མོའི་དུས་དྲན་དང་སྟབས་བསྟུན། ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་སྐུའི་གཅུང་མོ་༸བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་ས་གནས་ཨུ་ཛི་ཝེལ་གྱི་ཚོགས་ཁང་ནང་ཕྱི་དྲོའི་ཆུ་ཚོད་ ༢་༣༠ ཐོག་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམས་ཀྱིས་དབུས་པས་དམིགས་བསལ་སྐུ་མགྲོན་སྐུའི་གཅུང་མོ་༸བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་དབུ་བཞུགས་ཐོག། ཡུ་རོབ་སྤྱི་ཟུར་རྣམ་པ་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས། དོན་གཅོད་བཅས་ཀྱིས་མཚོན། སྦེལ་ཇམ་སོགས་ཡུ་རོབ་ཀྱི་བོད་སློབ་ཁག་གི་འགན་འཛིན་རྣམས། གཞན་ཡང་ཆོལ་ཁ་གསུམ་ཀྱི་ཚོགས་གཙོ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཀྱི་གཙོས་མི་མང་སྟོང་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས། སུད་སི་བོད་རིགས་མི་མང་གི་ཟློས་གར་གྱིས་རྔ་གླིང་དང་སྤོས་སྣེས་མདུན་བསུས་ཏེ། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་། མི་མང་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གདངས་སུ་གྱེར་བ་བཅས་ཀྱི་མཚོན། སུད་སི་ས་གནས་ཁག་གི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཆོལ་གསུམ་མཐུན་སྒྲིལ་གྱི་མཉམ་གཞས་འབུལ་ལམ་ཞུས་ཤིང་། སུད་སི་བོད་རིགས་མི་མང་ཟློས་གར་ནས་རྔོན་པ་དང་རིག་རྔ་གཟིགས་འབུལ་གནང་རྗེས། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ཀྱིས་བོད་སློབ་ཉིན་མོ་དང་འབྲེལ་བའི་བཀའ་སློབ་གནང་ཞིང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བཅས་ཀྱིས་རིམ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་ཀྱི་བཀའ་སློབ་དང་། དེ་བཞིན་སུད་སི་ས་གནས་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་གཟིགས་འབུལ་གཞས་གནང་། ཕྱི་དྲོའི་ཆུ་ཚོད་༧་༣༠ ཐོག་སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་བཀའ་དྲིན་རྗེས་དྲན་ཤེས་རིག་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་ཞུས་སོང་།
ཨ་མ་རྗེ་བཙུན་པདྨ་མཆོག་གིས་ཐེངས་འདིའི་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་བཀའ་སློབ་གནང་དོན། ཐེངས་འདིར་སུད་སི་གཙོས་ཡུ་རོབ་བོད་སློབ་ཁག་གིས་ང་ལ་འདི་ལྟའི་གཟེངས་རྟགས་ཞིག་གནང་བར་དགའ་སྤོབས་སྐྱེས་བཞིན་ཡོད་ཅིང་། ཐེངས་འདིའི་གཟེངས་རྟགས་འདི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་ཕྲུག་ཁྱིམ་སྡེ་ནང་དཀའ་ལས་བརྒྱབས་དང་རྒྱག་བཞིན་པའི་དགེ་ལས་ཚང་མའི་ཚབ་བྱས་ནས་ལེན་གྱིན་ཡོད། ད་ལྟའི་བར་བོད་ཕྲུག་ཁྱིམ་སྡེ་ལ་འདི་བཞིན་གྱི་གྲུབ་འབྲས་ཅུང་བྱུང་བ་འདི་ང་རང་མི་གཅིག་གིས་འཇོན་པ་དང་། ང་རང་མི་གཅིག་གིས་འཇོན་ཐུབ་པ་ཞིག་ཁྱོན་ནས་མིན། འདི་ཡང་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་། ངའི་ཚེ་འདས་ཨ་ཅག་ཚེ་རིང་སྒྲོལ་མ་གཙོས། དགེ་ལས་ཤི་གསོན་ཚང་མས་བཀའ་ལས་བརྒྱབ་པའི་གྲུབ་འབྲས་རང་ཡིན། ཞེས་དང་། ང་ཚོའི་སྤྱི་ཚོགས་ནང་དཀའ་ལས་རྒྱག་མཁན་རྣམས་སྤྱི་ཚོགས་ཀྱིས་ངོ་ཤེས་དགོས་པ་དང་། མི་མང་གིས་ངོས་འཛིན་ཡག་པོ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེ་མོད། ང་ཚོས་སྤྱི་ཚོགས་ནང་མི་ཡག་པོ་དང་སེམས་ཤུགས་ཡོད་མཁན། དཀའ་ལས་རྒྱག་མཁན་རྣམས་ཀྱི་རྐང་པ་མར་འཐེན་མཁན་མང་པོ་འདུག་པ་འདི་ནི་ཡ་རབ་བཟང་སྤྱོད་དང་མི་མཐུན། ཞེས་དང་། ད་ལྟ་སུད་སི་ནང་འདི་བཞིན་བོད་སློབ་ཁག་ནང་བོད་སྐད་བོད་ཡིག་ཐོག་དཀའ་ལས་རྒྱག་བཞིན་པ་ལ་ཡི་རང་བསྔགས་བརྗོད་ཡོད། ཅེས་སོགས་རྒྱས་པ་གསུངས་སོང་།

ཐེངས་འདིའི་གཟེངས་རྟགས་གོ་སྒྲིག་པ་དང་། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྒྱལ་ལགས་ཀྱིས་ཨ་མ་རྗེ་བཙུན་པ་མཆོག་ལ་གཟེངས་རྟགས་འདི་བཞིན་ཕུལ་དགོས་པའི་རྒྱུ་མཚན་ཐད་གསར་འགོད་པར་འགྲེལ་བརྗོད་གནང་དོན། རྩ་བའི་ཆ་ནས་ཕྱི་ནང་བོད་མི་ཡོངས་ཀྱི་མཁྱེན་གསལ་རེད། ༧གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨ་ལས་བཀའ་དྲིན་ཆེ་བ་ཞིག་ང་ཚོས་ངོས་ནས་མཐོང་གི་མེད། ལྷག་པར་དུ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་ལོ་ངོ་ ༤༢ ལྷག་གི་ནང་ང་ཚོའི་བུ་ཕྲུག་སྟོང་ཕྲག་མང་པོའི་ཆེད་དཀའ་ལས་ཧ་ལས་པ་བསྐྱོན་བསྡད་པ་འདི་ང་ཚོས་ངེས་པར་ཤེས་དགོས་པ་དང་། སྤྱིར་ང་ཚོ་ཡུ་རོབ་ནང་བསྡད་ཡོད་པ་ཡིན་ནའང་ང་ཚོའི་སྤུན་ཟླ་བོད་ནང་ཡོད་མཁན་ཕ་མ་རྣམས་ཀྱིས་རེ་བ་ཤུགས་ཆེན་གནང་ཏེ་སོ་སོའི་ཕྲུ་གུ་རྒྱ་གར་ལ་བཏང་བ་དང་། དེ་ལྟར་རེ་བ་གནང་བ་ནང་བཞིན་ཨ་མ་ལགས་ཀྱིས་ཕ་ཚབ་མ་ཚབ་གནང་སྟེ་སྐུ་ལས་ཧ་ཅང་མང་པོ་བསྐྱོན་དང་སྐྱོན་བཞིན་པ་དང་། དེ་བཞིན་རྒྱ་གར་གྱི་བུ་ཕྲུག་མང་པོར་གཟིགས་སྐྱོང་ཧ་ལས་པ་གནང་བཞིན་པར་འདིར་ང་ཚོས་བཀའ་དྲིན་རྗེས་དྲན་ཞིག་ཕུལ་དགོས་ཀྱི་འདུག་ཟེར་ནས་འགན་འཛིན་ལྷན་ཚོགས་ནང་བཀའ་མོལ་བྱུང་བ་བཞིན་དེ་རིང་ཨ་མ་ལགས་ལ་གཟེངས་རྟགས་འབུལ་བའི་སྐལ་བ་བཟང་པོ་འདིོ་བྱུང་བ་ཡིན། ཞེས་དང་། ཐེངས་འདིའི་གཟེངས་རྟགས་འདི་ལ་དང་པོ་སུད་སི་རྒྱལ་ཡོངས་བོད་སློབ་ཁག་གིས་ཕུལ་ན་ཞེས་གླེང་སློང་བྱུང་ཡང་། ད་ལོར་སྲིད་སྐྱོང་མཆོག་སུད་སི་ཕེབས་འབྱོར་གནང་སྐབས་ཡུ་རོབ་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་རྣམས་ཚོགས་འདུ་གལ་ཆེན་འཚོག་གནང་སྟེ། ཡུ་རོབ་ཁག་སྤྱི་ཡོངས་ཀྱི་བོད་སློབ་ཁག་ནང་དེ་བཞིན་བྱུང་ན་ཡག་པོ་ཡོད་ཚུལ་གྱི་བཀའ་མོལ་བྱུང་བར་བརྟེན། ང་རང་གིས་ཡུ་རོབ་ཁུལ་གྱི་བོད་སློབ་ཁག་ཚང་མར་འབྲེལ་བ་ཞུས་པ་ཡིན་ལ། དབྱིན་ཇི་དང་། ཧྥི་རན་སི། སྦེལ་ཇམ། ཨོ་སི་ཊི་ལི་ཡ་སོགས་ནས་འགན་འཛིན་འཐུས་མི་ཕེབས་ཐུབ་མཁན་ཕེབས་ཡོད་པ་དང་། ཕེབས་མ་ཐུབ་མཁན་རྣམས་ཀྱིས་དཔལ་འབྱོར་གྱི་རོགས་དངུལ་སོགས་གནང་སྟེ་རྒྱབ་སྐྱོར་གཙང་མ་གནང་བྱུང་བས། ཐེངས་འདིའི་གཟེངས་རྟགས་ཀྱི་མཚན་ལ་ཡུ་རོབ་བོད་སློབ་ཐུན་མོང་གི་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཞེས་བཏགས་པ་ཡིན། ཞེས་སོགས་འགྲེལ་བརྗོད་གནང་སོང་།

གཟེངས་རྟགས་འབུལ་བཞེས་གནང་རྗེས་ཀྱི་མཛད་རིམ་ནང་། གཞས་པ་སྐད་གྲགས་ཅན་བློ་བཟང་བདེ་ལེགས་ལགས་དང་། གཞས་པ་གྲགས་ཅན་བློ་བཟང་ཚེ་བརྟན་ལགས་གཉིས་ཆེད་དུ་གདན་ཞུ་གནང་ཡོད་པ་དང་། གཞན་སུ་སི་མི་མང་ཟློས་གར་གྱིས་མཚོན་པའི་གཞས་པ་གཞས་མ་ཁག་ཅིག་གི་གཞས་སྣ་གཟིགས་འབུལ་སྣ་མང་ཞུས་ཤིང་། མི་མང་གི་དགའ་ཚོར་ཆེན་པོས་དགའ་བསུ་དང་བཅས།   དགོང་མོའི་ཆུ་ཚོད ༡༡་༣༠ ཙམ་ལ་ལས་རིམ་མཇུག་བསྡུ་གནང་སོང་།  ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།