༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། བོད་རྒྱལ་ལོ་ ༢༡༤༣ སྣྲོན་ཟླའི་ཚེས་ ༦ དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༩ རེས་གཟའ་སྤེན་པའི་ཉིན་ཛུས་རིག་ཉེ་འདབས་གྲོང་ཁྱེར་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་གཞན་དབང་སྟབས་བསྟུན་དང་བཅས་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་གྱ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་རེད། དེ་ཉིན་ཕྱེད་ཡོལ་ཕྱག་ཚོད་ ༡།༠༠ ཐོག་ཕྱི་ནང་སྐུ་མགྲོན་རྣམ་པས་དབུས་ས་གནས་བོད་རིགས་མི་མང་ ༢༣༠༠ བརྒལ་བ་འདུ་འཛོམས་ཀྱིས་སྐུ་མགྲོན་རྣམ་པས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་རོལ་དབྱངས་དང་བཅས་པའི་སྒྲ་སྙན་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་སྐུ་མགྲོན་མཛད་གཙོ་རྣམ་པས་༸སྐུ་དཔར་རིན་པོ་ཆེ་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་རྟེན་འབྱུང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས།མི་མང་ཟློས་གར་ནས་སྣེ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བསྟུན་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་གནང། མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ཞུ་མུས་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་དང་། སུད་སི་སྟོད་པའི་སྐྱིད་སྡུག་ནས་རྒྱལ་གཞས་བཅས་གཟིགས་འབུལ་ཞུས། མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས་དུས་ཆེན་དབུ་འབྱེད་ཀྱིས་འཚམས་འདྲིའི་གསུང་བཤད་དང་བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་མཐུན་འབྲེལ་དམ་གཙང་དགོས་ངེས་ཀྱི་གལ་གནད་ཆེ་ཤོས་དེ་ཡིན་པ་འབོད་བསྐུལ་དང།
དེ་བཞིན་  ༢༠༡༦ཟླ་ ༡༠ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་རྟེན་འབྲེལ་དགའ་སྟོན་ལ་སུད་སི་དང། ལིཀ་ཏེན་སཊཡན་བོད་རིགས་མི་མང་ནས་མདོ་ལུགས་བརྟན་བཞུགས་འབུལ་རྒྱུའི་སྐལ་བཟང་གི་གོ་སྐབས་བཀྲིན་ཐོབ་སྐོར་དང་དེ་སྐབས་རང་རེའི་མང་ཚོགས་ནས་ཐུགས་སྣང་གནང་དགོས་རིགས་གསལ་བཤད་གནང།  དེ་རྗེས་ས་གནས་བོད་ཡིག་སློབ་གྲྭའི་སློབ་མ་ཆེ་ཆུང་ཁག་ ༨ ནས་གཞས་སྣ་ཁག་ ༨ གཟིགས་འབུལ་ཞུས་འཕྲལ། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ཐཱོ་མསེ་བྷུག་ལི་ལགས། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་དུས་ཆེན་འབྲེལ་བའི་གསུང་བཤད་གནང། དེ་བཞིན་དབུས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་འཛིན་སྐྱོང་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་ལྗགས་ཀློག་གནང་བ་དང་སྦྲགས་མི་མང་ཡོངས་ནས་གསུང་འཕྲིན་དབྱིན་བོད་གཉིས་ཀར་ཡིག་ཐོག་འགྲེམས་སྤེལ་ཞུས་པ་ཐེངས་གཅིག་ཙམ་ལྗགས་ཀློག་མིན་པ་ཐེངས་རེ་ཤས་ལྗགས་ཀློག་གནང་ནས་ནང་དོན་ཁག་ལ་གོ་རྟོགས་ཐུབ་པ་གནང་རྒྱུ་ནི་རང་རེའི་ལས་འགན་ཞིག་ཡིན་གསུངས། ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་༸སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཉིན་ཡོངས་ཁྱབ་གསུང་འཕྲིན་ལྗགས་ཀློག་དང། ཡང་འདས་ལོ་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་རྟེན་འབྲེལ་དགའ་སྟོན་ལ་རྡ་སར་གསར་བཞེངས་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་བརྒྱ་མཐོང་བ་དོན་ལྡན་མཛད་ཐང་བཅུ་བཞི་སྐོར་རེ་རེ་བཞིན་ལྗགས་ཀློག་དང་སྦྲགས་མི་མང་རྣམས་ཀྱི་ཐུགས་ལ་འཇོག་རྒྱུ་གལ་ཆེ་ཡིན་པ་གསུངས།དགོང་དྲོའི་གསོལ་ཚིགས་ཀྱི་བར་སེང་དང་བསྟུན་ས་གནས་ཚོགས་ཆུང་ཁག་ཅིག་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཞབས་གཞས་གཟིགས་འབུལ་ཞུས།

མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས། ཡུ་རོབ་ནང་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་གཞུང་ཞབས་ཀྱི་ལས་འཁུར་གནང་བའི་ལོ་རྒྱུས་སྙིང་བསྡུས་སུ། མི་ལོ་ ༣༡ ཧྲིལ་པོ་བཙན་བྱོལ་བའི་གཞུང་ཞབས་ཁོངས་ཕྱག་ལས་འདྲ་མིན་གནང་བས་རེ་རེ་བཞིན་ལྗགས་ཀློག་དང་།  ཉེ་ལམ་ ༢༠༡༦ ཟླ་ ༧ ཚེས་ ༣ ཉིན་བགྲེས་ཡོལ་ལ་ཕེབས་པར་ཁོང་ལ་ས་གནས་མི་མང་གི་ཚབ་ཞུས་ཏེ་བསྔགས་བརྗོད་ཡིད་རང་དང་བཅས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་ལེགས་གསོའི་མཇལ་དར་སོགས་ཕུལ། དེ་བཞིན་འདི་ལོ་བོད་མི་མང་སྐབས་བཅུ་དྲུག་པའི་བདམས་ཐོན་བྱུང་བའི་ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་མཆོག་ད་རིང་ངོ་ཕེབས་ཐུབ་མེད། ཟམ་མདོ་བྱམས་པ་ཚེ་རིང་མཆོག་ལ་དེ་དང་དེ་བཞིན་གྱི་ས་གནས་མི་མང་ངོ་ཚབ་ཏུ་འཚམས་འདྲིས་མཇལ་དར་ཕུལ།ས་གནས་བོད་རིགས་མི་མང་ཟློས་གར་ནས་ཞབས་གཞས་ལེའུ་ལྔ་ཙམ་གཟིགས་འབུལ་ཞུས་པ་དང་སྦྲགས་ ༢༠༡༦ ཟླ་ ༡༡ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་མི་མང་ཟློས་གར་སྒྲིག་འཛུགས་ཆགས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་ཞིག་ས་གནས་བྷུའི་ལག་ཚོགས་ཁང་འདི་གའི་ནང་གོ་སྒྲིག་ཞུ་གཏན་འཁེལ་ཡོད་ན་དེ་སྐབས་མི་མང་གང་མང་ཕེབས་རོགས་ཅེས་འབོད་བསྐུལ་གསལ་སྒྲགས་གནང། ས་གནས་ཚོགས་ཆུང་ཁག་དང། ཚོགས་པ་སྐྱིད་སྡུག་ཁག་མང་དག་ཞིག་ནས་དགའ་དད་སྤྲོ་གསུམ་གྱི་མུ་མཐུད་ཞབས་གཞས་གཟིགས་འབུལ་ཞུས།  མི་མང་ཚོགས་གཙོ་མཆོག་ནས་ལོ་མང་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་ཁྱིམ་ཚང་ཁག་ ༦ ལ་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་ཞོར་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ ༥༥ པ་དེ་ ༢༠༡༦ ཟླ་ ༧ ཚེས་ ༡༣ རེས་ལྷག་པའི་ཉིན་ཡིན་པ་དེ་སྐབས་མི་མང་གང་མང་མཉམ་ཞུགས་ཐུབ་ཐབས་ཀྱི་འབོད་སྐུལ་གསལ་སྒྲགས་གནང་། འཐུས་ཚོགས་ནས་གོ་སྒྲིག་ཞུས་པའི་རྒྱན་ཤོག་ཨང་དང་ ༥ བ་བར་ཐོབ་མཁན་རྣམས་ལ་བྱ་དགའ་གནང་བ་དང་ཆབས་ཅིག་བཅུ་དཔོན་པ་སྐལ་བཟང་དབང་ཕྱུག་ལགས་ནས་འགོ་ཁྲིད་པས་དགའ་དད་སྤྲོ་གསུམ་གྱི་ངང་བོད་ཀྱི་ཡུལ་སྲོལ་ཡུལ་ལུང་ཁག་གི་སྒོར་གཞས་འཁྲབ་པ་སོགས་མཚན་གྱི་ཕྱག་ཚོད་ ༡༢།༠༠ ཙམ་བར་འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་ཞུས་སོང་བ་བཅས་ཀྱི་གནས་བསྡུས་སུ། འདྲ་པར་་་ གསར་འགོད་པ། བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 5 སྡོམས་རོགས།