༸གོང་ས་མཆོག་ལ་སྙན་གྲགས་ཅན་གྱི་གཟེངས་རྟགས་འབུལ་ལམ་ཞུ་གཏན་འཁེལ་བ།

༢༠༡༢ ཟླ་ ༣ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༩ ཉིན་ཨ་རིའི་མངའ་སྡེ་པན་སེལ་ཝེ་ནི་ཡར་རྟེན་གཞི་བྱས་པའི་ཇོན་ཊེམ་པེལ་ཊོན་ཐེབས་རྩས་(John Templeton Foundation)འདི་ལོའི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་དེ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད། གཟེངས་རྟགས་འདི་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བའི་ཕྱེད་ཡོལ་སན་པོལ་ཡེ་ཤུའི་ལྷ་ཁང་(St. Paul’s Cathedral) དུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག གཟེངས་རྟགས་འདིར་ཕྱག་དངུལ་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན ( $ 1.7 million) ཡོད་འདུག དེ་ཡང་འདི་ལོའི་གཟེངས་རྟགས་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མགོན་པོ་གང་ཉིད་མཆོག་གིས་དེང་རབས་ཀྱི་ཚན་རིག་དང་འབྲེལ་ལམ་མཛད་དེ་བྱམས་བརྩེའི་ནུས་སྟོབས་གོང་འཕེལ་དང་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཏེ་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་སྤྱོད་་དང་འཚེ་མེད་ཞི་བའི་ལམ་ནས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་མཛད་པའི་མཛད་བཟང་འགྲན་ཟླ་བྲལ་བ་དེར་ངོས་འཛིན་ཞུས་པ་ཞིག་ཡིན་འདུགདེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོན་ཊེམ་པེལ་ཊོན་ཐེབས་རྩར་ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན་ཞིག་སྩལ་བའི་ནང་བཀའ་སློབ་སྩལ་དོན། ཐེངས་འདིར་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་ངོས་ལ་གནང་རྒྱུའི་ཐག་གཅོད་གནང་བ་དེ་ནི་ངོས་ཀྱིས་འགྲོ་བ་མི་སྤྱིའི་བདེ་དོན་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱས་པ་དེར་ངོས་འཛིན་ཐོབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།