༧ པཎ་ཆེན་རིན་པོ་ཆེ་གང་དུ་ཡོད།

དེ་རིང་ཕྱི་ཚེས་༢༤ ཉིན་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པ་དང་། སྐུའི་འཁྲུངས་སྐར་འདི་དང་སྟབས་བསྟུན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སུད་སིའི་གྲོང་ཁྱེར་ཁག་༦་ནང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་ཚོའི་གནས་སྟངས་གང་ཡིན་ཤེས་རྟོགས་མ་ཐུབ་པར་ལོ་ངོ་༢༠ སོང་བར་འཛམ་གླིང་མི་མང་གིས་དོ་སྣང་དང་། མུ་མཐུད་རྒྱ་གཞུང་ལ་ཚ་འདྲི་བྱ་དགོས་པའི་སྐོར་གྱི་འགྲེལ་བརྗོད་ཡིག་ཆ་འགྲེམ་སྤེལ་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་རིང་ཕྱི་ཟླ་༤ ཚེས་༢༥ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་ནང་གི་གྲོང་ཁྱེར་ཛུ་རིག་དང་སིངྒ་ལེན། སྦརན། སོ་ལོ་ཐོན། ཇི་ནི་ཝ། ར་སྦ་སི་ཝེལ་བཅས་གྲོང་ཁྱེར་ཆེ་ཁག་དྲུག་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་གང་ཡིན་རྩད་གཅོད་དང་། ཁོང་གི་ནང་མི་སོགས་ཀྱི་སྐུ་གཟུགས་གནས་སྟངས་ག་འདྲ་ཡིན་མིན། ཁོང་གི་ནང་མི་བཅས་པ་མྱུར་ཏུ་གློད་གྲོལ་དགོས་པའི་འབོད་སྐུལ་ཡིག་ཆ་གྲངས་༤༠༠༠་ལྷག་འགྲེམ་སྤེལ་གནང་སྟེ། འཛམ་གླིང་མི་མང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རམ་འདེགས་ཡོང་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག

ལས་འགུལ་གོ་སྒྲིག་ཞུ་མཁན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་འདི་སྤེལ་དགོས་དོན་སྐོར་ལ་འགྲེལ་བརྗོད་གནང་དོན། བོད་མིའི་ཁ་དཔེ་ལ་དགུང་ལ་ཉི་ཟླ་རྣམ་གཉིས་དང་། ས་ལ་རྒྱལ་པཎ་རྣམ་གཉིས་ཟེར་བ་ལྟར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་ཀྱི་བསྟན་སྲིད་མི་རིགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་པ་ཀུན་ཀྱིས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་ཁོང་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་མི་ལོ་༢༠་འགོར་ཡོད་པ་རེད། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཡོད་པ་མ་རེད། དེ་བས་ང་ཚོ་བོད་མི་སུ་འདྲ་ཞིག་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རླབས་ཆེན་མཛད་རྗེས་ཁག་ལ་བཀའ་དྲིན་བསམ་ཤེས་བྱེད་ཐུབ་མཁན་ཡིན་ཚེ་དེ་རིང་གི་ཉིན་མོ་འདི་ནམ་ཡང་བརྗེད་ཆོག་གི་མ་རེད། ལྷག་དོན་བོད་མི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ དཔལ་འབྱོར་རིག་གནས་སོགས་ཕྱོགས་གང་ལའང་སྐུ་སྲོག་བློས་བཏང་གིས་རླབས་ཆེན་མཛད་རྗེས་ཁྲི་སྟོང་མང་པོ་བསྐྱངས་གནང་ཡོད་པ་ཁག་ལ་ཞིབ་འདང་རྒྱག་མཁན་ཞིག་ཡིན་ན། ༧པཎ་ཆེན་རིན་པོ་ཆེའི་དཔའ་སྤོབས་ཀྱི་སྙིང་སྟོབས་བརྗེད་ཆོག་གི་མ་རེད། དེ་འདྲ་ཡིན་དུས་རླབས་ཆེན་གྱི་སྐྱེས་པུ་དང་། མི་རིགས་ཀྱི་དཔའ་བོ་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་། ཆུང་སྲིད་རིན་པོ་ཆེ་རྩད་གཅོ་བྱ་དགོས་པ་ནི་ཕ་ཤུལ་གྱི་བུ་དང་། གཡག་ཤུལ་གྱི་གོ་བ་ཡིན་པ་ང་ཚོ་ཚང་མའི་ལས་འགན་ཡིན་པ་རེད་ལ། ང་ཚོས་ངེས་པར་དུ་ཁོང་གི་སྐུ་གཟུགས་གནས་སྟངས་རྩད་གཅོད་ཐུབ་དགོས་པ་མ་ཟད། རྒྱ་གཞུང་གིས་ཁོང་མྱུར་དུ་གློད་གྲོལ་མ་གཏོང་བར་དུ་ང་ཚོས་ཁོང་གི་རྗེས་འདེད་ཀྱི་མི་བྱེད་ཐུབ་དགོས་པ་རེད། དེ་བས་དེ་རིང་ང་ཚོས་ལས་འགུལ་འདི་གོ་སྒྲིག་བྱས་པ་རེད་ལ། དེ་རིང་འཛམ་གླིང་གི་ཡུལ་གྲུ་གང་སར་༧པཎ་ཆེན་རིན་པོ་ཆེ་རྩད་གཅོད་དགོས་པའི་ལས་འགུལ་མུ་མཐུད་སྤེལ་དགོས་པའི་འབོད་སྐུལ་ཀྱང་ཞུ་བཞིན་པ་ཡིན། ཞེས་གསུངས་བྱུང་།

ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས་ཁོང་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད། སྐབས་དེར་ཁོང་དགུང་གྲངས་ ༦ ལས་སོན་མེད་སྟབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་པ་རེད། དུས་སྐབས་དེ་ནས་བཟུང་ད་བར་མི་ལོ་ ༢༠ རིང་ཁོང་དང་ཁོང་གི་ནང་མི་རྣམས་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བརྩིས་མེད་བཏང་སྟེ་ཁྱེའུ་གཞན་ཞིག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་གཞག་བྱས་ཡོད།

ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༨ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་བཙོན་པ་ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཡོངས་བསྒྲགས་གཏམ་ཞིག་སྤེལ་ཏེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ སོན་སྐབས་ཏེ་ཕྱི་ལོ་ ༡༩༩༥ ལོར་གར་སོང་ཆ་མེད་དུ་གྱུར་ཡོད་པ་བསྒྲགས་ཡོད། ཕྱོགས་མཚུངས་རྒྱ་གཞུང་ནས་ཀྱང་ཁོང་བཙན་ཁྲིད་བྱས་པར་ངོས་ལེན་བྱས་ཡོད། འོན་ཀྱང་ད་བར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། གནས་སྟངས་ཇི་ཡིན་སྐོར་གསལ་བཤད་གང་ཡང་བྱས་མེད།

འབྲེལ་བ་གནང་ཡུལ། 0041764653312/ 0764551567

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སམས་རགས།