༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱལ་ཚོགས་མདུན་དུ་བོད་ནང་གི་སྡུག་བསྔལ་ཞུ་གཏུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིནཔོ་ཆེ་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་དོན་ལྟར། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ཕྱི་ཟླ་༣ཚེས་༥ཉིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཡོ་རོབ་སྤྱི་ཟུར་དང་རི་ཀོང་མཁན་རིན་པོ་ཆེ་མཆོག་བཅས་གཙོས་པའི་མི་མང་བརྒྱ་ཙམ་མཉམ་འཛོམས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་ནང་གི་སྡུག་བསྔལ་ཞུ་གཏུགས་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་གསོལ་འདེབས་ཀྱི་ལས་འགུལ་ཞིག་སྤེལ་སོང་།སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཙོས་པའི་མི་མང་རྣམས་པར་ལས་འགུལ་འདིར་ཆེད་ཕེབས་གནང་བར་བཀའ་དྲིན་ཆེད་བརྗོད་དང་འབྲེལ་ལས་འགུལ་གྱི་མཛད་རིམ་ངོ་སྤྲོད་གནང་གྲུབ་རྗེས། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་སྐུ་ཚབ་མིག་དམར་སྒྲོལ་མ་ལགས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས། དེ་བཞིན་སུད་སི་ས་གནས་བུ་མེད་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་རིམ་བཞིན་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་པ་དང་། སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་ལས་འགུལ་འདི་དང་འབྲེལ་བའི་གསུང་བཤད་གནང་བཅས་གནང་རྗེས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་གི་ཛ་དྲག་གནས་བབ་ངོ་སྤྲོད་དང་། རིན་པོ་ཆེ་མཆོག་སྐུ་སྒེར་ཀྱིས་རྒྱལ་ཚོགས་དྲུང་ཆེའི་མཚན་ཐོག་ལ་དོན་ཚན་བཞི་ཅན་གྱི་བོད་དོན་དཀའ་ངལ་སེལ་ཐབས་ཐད་རྒྱལ་ཚོགས་ཀྱིས་ནུས་པ་ལྡན་པའི་ཐག་གཅོད་དང་ལས་འགུལ་གནང་དགོས་པའི་འབོད་སྐུལ་ཞུ་སྙན་སྒྲོག་སྦྱོང་བཅས་གནང་སོང་།༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་བཀའ་སློབ་ནང་། བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་འདི་ཉིད་རྒྱ་གཞུང་གི་ལོ་ངོ་དྲུག་བཅུ་ལྷག་གི་རིང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་ཡོང་བ་དང་།རྒྱ་གཞུང་གིས་ཆེད་དུ་བོད་རིགས་རྩ་མེད་བཟོ་ཆེད་སྲིད་བྱུས་རྒྱུན་སྐྱོང་བྱེད་ཀྱིན་ཡོད། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ད་ལྟའི་བར་བོད་མི་ཚོས་འཚེ་མེད་ཞི་བའི་ལས་འགུལ་གྱིས་ཐོག་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་ལ། ལྷག་དོན་རང་ལུས་མེར་སྲེག་གནང་བཞིན་པ་འདི་ནི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆེས་མཐའ་མའི་ལས་འགུལ་དང་འཚེ་མེད་ཞི་བའི་ལས་འགུལ་གྱི་རྩེ་མོར་ཟོན་པ་ཞིག་ཡིན། ཡིན་ཡང་རྒྱ་གཞུང་གིས་མུ་མཐུད་མི་མང་ལ་དྲག་གནོན་དང་། ༧གོང་ས་མཆོག་ལ་མཚན་སྨད་ཚད་ལས་བརྒལ་བ་བྱེད་ཀྱིན་པ་འདིས་བོད་མི་རྣམས་འཚེ་བའི་ལས་ལ་ཞུགས་རྒྱུར་སྐུལ་འདེད་བྱེད་ཀྱིན་ཡོད། དེ་བས་མ་འོངས་པར་བོད་མི་ཚོས་ཐབས་ཟད་ཨུ་ཐུག་གིས་འཚེ་བའི་ལས་འགུལ་སྤེལ་མི་སྲིད་པ་མིན་པ་དང་། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན་རྒྱ་ནག་གནད་དོན་གྱུ་འགན་ཡོངས་རྫོགས་རྒྱ་གཞུང་གི་འཁྱེར་དགོས་ཀྱི་ཡོད་ཅེས་དང་། གལ་སྲིད་ཐབས་ཟད་ཨུ་ཐུག་གི་ལས་འགུལ་དེ་ལྟར་བྱུང་བ་ཡིན་ན་རྒྱ་ནག་གཞུང་དང་བོད་རིགས་བཅས་ཕྱོགས་གཉིས་ཆར་ཕན་ཐོག་གང་ཡང་མེད་པ་རེད། ཅེས་དང་། རྒྱ་གཞུང་གིས་སྙོམ་ཆུང་བོད་མི་ཚོར་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་དང་། ༧གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེན་བྱེད་ཆོག་ན་ང་ཚོས་ཀྱང་རྒྱ་གཞུང་གི་དབུ་ཁྲིད་ཚོར་སྐྱོན་འཛུགས་ནག་འདེད་བྱ་རྒྱུར་འཛེམ་ཟོན་གནང་དགོས་དོན་མེད། དེང་སྐབས་བོད་ཀྱི་སྤྱི་ཚོགས་ནང་དེ་བཞིན་རྒྱ་གཞུང་གི་དབུ་ཁྲིད་ཚོར་སྐྱོན་འཛུགས་གནང་རྒྱུར་འཛེམ་ཟོན་གནང་མཁན་ཡོང་གི་ཡོད་པ་འདྲ། ང་ཚོའི་རྩ་བའི་བླ་མ་དང་དབུ་ཁྲིད་ལ་ཁོ་ཚོས་སྐྱོན་འཛུགས་བྱ་ཆོག་ན། ང་ཚོས་ཀྱང་ཁོ་ཚོར་སྐྱོན་འཛུག་བྱ་མི་ཆོག་པ་ཅི་ལ་ཡོད། འོན་ཀྱང་ང་ཚོས་རྒྱ་ནག་མི་མང་ལ་མི་དགའ་བ་གང་ཡང་མེད་ལ། ང་ཚོར་བདེ་སྐྱིད་དགོས་པ་ནང་བཞིན་རྒྱ་ནག་མི་མང་ལའང་བདེ་སྐྱིད་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་ཁ་གཏད་དང་སྐྱོན་འཛུག་གནང་ས་དེ་རྒྱ་གཞུང་དང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འདི་རེད། ཅེས་སོགས་གལ་གནད་ཆེ་བའི་བཀའ་སློབ་ཟབ་རྒྱས་གནང་སོང་།མཐར་ཆུ་ཚོད་༣་ཐོག་མི་མང་ཚོགས་གཞོན་མཆོག་གིས་ལས་འགུལ་ཀྱི་མཇུག་སྡོམ་གསུང་བཤད་གནང་གྲུབ་རྗེས། ལས་འགུལ་མཇུག་བསྡུ་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།