༧གོང་ས་མཆོག་སུད་སི་གྲོས་ཚོགས་ནང་གཞུང་འབྲེལ་གདན་ཞུ།

དེ་རིང་ཕྱི་ཚེས་༡༦ ཉིན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་ (Maya Graf) མཆོག་གིས་གདན་ཞུ་ལྟར། ༧གོང་ས་མཆོག་སུད་སི་གྲོས་ཚོགས་ནང་ཆེད་ཕེབས་ཀྱིས་སུད་སི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་ཕྲད་གནང་ཡོད་འདུག 

ཉེ་བའི་ཟླ་ཤས་ནས་༧གོང་ས་མཆོག་སུད་སིར་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་གནང་བ་ནས། བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། སུད་བོད་མཐུན་གྲོགས་ཚོགས་པས་གཙོས་པའི་སུད་སི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་མང་པོས་༧གོང་ས་མཆོག་སུད་སི་གཞུང་གི་གནད་ཡོད་མི་སྣར་མཇལ་ཕྲད་ཞུ་ཕྱོགས་ཐད་ཞུ་གཏུག་སྣ་མང་བྱས་པའི་རྗེས། སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་གིས་གོང་ས་མཆོག་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་པ་ལྟར། དེ་རིང་ཕྱི་ཚེས ༡༦ ཉིན་གྱི་ཉིན་གུང་ཆུ་ཚོད ༡ ་ཐོག་སུད་སི་རྒྱལ་ས་སྦརན་ནང་བརྟེན་གཞི་བྱས་པའི་ Bundeshaus ཞེས་པའི་གྲོས་ཚོགས་ར་བའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྣེ་ལེན་གཟབ་རྒྱས་ངང་གདན་འདྲེན་ཞུས་ཞིང་། དེ་བཞིན་གྲོས་ཚོགས་ཀྱི་གསར་འགོད་ཚོགས་ཁང་ནང་། གྲོས་ཚོགས་འཐུས་མི་ཚོ་དང་བོད་དོན་ཐད་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་གནང་ཡོད་འདུག

སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་གིས་གསུང་དོན། ༧གོང་ས་མཆོག་གྲོས་ཚོགས་ནང་གདན་ཞུ་གནང་ཐུབ་པ་ང་ཚོ་གྲོས་ཚོགས་ཀྱི་གཟི་བརྗིད་ཡིན་པ་དང་། ༧གོང་ས་མཆོག་སུད་སི་རྒྱལ་ཡོངས་གྲོས་ཚོགས་ནང་གདན་འདྲེན་ཞུས་པ་གསལ་བསྒྲགས་བྱས་རྗེས། ཕྱོགས་མཐའ་ཁག་གིས་མི་མང་དང་གནད་ཡོད་མི་སྣ་གང་མང་ཞིག་གིས་དགའ་བསུའི་འཚམས་འཕྲིན་མང་པོ་འབྱོར་བྱུང་ལ། དམིགས་བསལ་དེ་རིང་འདིར་༧གོང་ས་མཆོག་གདན་འདྲེན་ཞུ་སྐབས་ཕྱི་ལོག་ལ་བོད་རིགས་གཙོས་སུད་སི་མི་མང་ཧ་ཅང་མང་པོས་དགའ་ཚོར་ཆེན་པོས་ཕེབས་བསུ་ཞུ་བཞིན་པ་མཐོང་རྗེས། དེ་བས་དགའ་སྤོབས་སྐྱེས། ཅེས་དང་། བོད་ནང་གི་གནས་སྟངས་ཛ་དྲག་པོ་ཡིན་པ་དང་། དམིགས་བསལ་ཆོས་དང་རིག་གཞུང་རྡོག་རོལ་གྱི་ཉེན་ཚབ་ཅི་ཆེ་འཕྲད་ཀྱིན་པའི་དུས་སྐབས་འདིར། བོད་ནང་གི་བོད་པ་ཚོས་རེ་བ་ཡོད་ཚད་༧གོང་ས་མཆོག་དང་ཕྱི་ལོག་ལ་ཡོད་པའི་བོད་པ་རྣམས་ལ་བརྒྱབ་ཡོད་པ་ཧ་གོ་གི་ཡོད། ཅེས་དང་། དེ་བཞིན་བོད་ཀྱི་གནས་བབ་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་བོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། ཅེས་སོགས་གསུངས་ཡོད་འདུག

ཐེངས་འདི་ནི་༧གོང་ས་མཆོག་སུད་སིའི་གྲོས་ཚོགས་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུས་པ་ཐེངས་དང་པོ་ཡིན་པ་དང་། སུད་སིའི་བོད་རིགས་ལྔ་བརྒྱ་ལྷག་དང་བོད་དོན་སྐྱོར་བ་དང་ཕྱི་རྒྱལ་མི་རིགས་མང་པོ་གྲོས་ཚོགས་ཀྱི་མདུན་ཐང་དུ་འཛོམས་ཏེ། ༧གོང་ས་མཆོག་གྲོས་ཚོགས་ར་བ་ནང་ཕེབས་པར་དགའ་བསུ་དང་། ལྷག་དོན་མི་མང་གིས་དགའ་ཚོར་ཆེན་པོ་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག ཅེས་དགའ་ཚོར་གྱི་སྐད་འབོད་ཤུགས་ཆེན་གནང་སོང་། ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་ནི་ནམ་རྒྱུན་བོད་དོན་ཐད་ཐུགས་སྣང་གནང་མཁན་ཞིག་ཡིན་ལ། གྲོས་ཚོགས་ཀྱི་ཚོགས་གཙོ་མ་ཆགས་པའི་གོང་། ཕྱི་ལོ་༢༠༡༡་ལོའི་ཟླ་༡༡ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་སྐབས་བོད་དོན་ཐད་གླེང་སློང་སོགས་གནང་ཡོད་འདུག 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 5 སམས་རགས།