༧གོང་ས་མཆོག་ལ་བརྟན་བཞུགས་དང་ལས་བྱེད་ཚོའི་དམ་བཅའ།

བརྟན་བཞུགས་དེ་དྷ་ས་སྐུ་སྒེར་ཕོ་བྲང་ནང་གོ་སྒྲིག་བྱས་ཡོད་དང་། སྐབས་དེར་བོད་གཞུང་གི་མཛད་གཙོ་རྣམ་པས་དབུས་སྲི་ཞུ་བ་ཁོ་ན་ལས་གཞན་མི་སུ་གང་བཏང་མེད་པ་རེད། བརྟན་བཞུགས་གྲུབ་རྗེས་འདི་གའི་གསར་འགོད་པས། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། བོད་གཞུང་གི་ངོས་ནས་བརྟན་བཞུགས་དེ་ལས་བྱེད་ཉམས་མྱོང་ཅན་མང་པོས་གོ་སྒྲིག་བྱས་ཏེ། འཐུས་ཚང་ཡག་པོ་བྱུང་བའི་ཚོར་སྣང་བྱུང་སོང་། བརྟན་བཞུགས་འབུལ་ས་དེར་༸རྒྱལ་བ་ལྔ་པ་ཆེན་པོའི་སྐུ་བརྙན་ཡོད་པ་རེད། ལས་བྱེད་རྣམ་པས་གསོལ་འདེབས་དང་སྤངས་བླང་གི་དམ་བཅའ་ཕུལ་བ་དེ་འདྲ་བྱས་པ་དང་། ༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། ད་ལྟའི་༧གོང་ས་མཆོག་གི་དགོངས་གཞིའི་སྐོར་དེ་དམིགས་སུ་བཀར་ནས་བཀའ་སློབ་གནང་བ་དང་། དེ་བོད་གཞུང་གི་སྲི་ཞུ་བ་ཚོ་བརྒྱུད་དེ་མི་མང་ནང་ཁྱབ་སྤེལ་དགོས་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་སོང་། ལས་བྱེད་ཚོས་སྤངས་བླང་གི་དམ་བཅའ་ཕུལ་བ་ཡག་པོ་བྱུང་འདུག དེའི་ནང་དོན་ཚུལ་བཞིན་བྱས་ན་དེ་ལས་ལྷག་ཅིག་དགོས་ཀྱི་མི་འདུག་ཅེས་གསུངས་སོང་། གཞུང་ཞབས་ནང་དུ་ལོ་ཆུང་བ་ཚོ་ཡོད་པས། དེ་ཚོ་ཡོང་དགོས་པའི་རྒྱུ་མཚན་སྐོར་ཞིབ་ཕྲ་གསུངས་སོང་། དེ་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པའི་གནད་དོན་དེ་འཕྲལ་ཕུགས་རྒྱང་གསུམ་དུ་དགོངས་པ་བཞེས་པ་ཡིན་པས། དེའི་སྐོར་ཕྱི་ནང་ཚང་མར་ནང་དོན་ཚུལ་བཞིན་དུ་གཞུང་ཞབས་ཚོ་བརྒྱུད་ནས་རྟོགས་ཐབས་དགོས་པ་རེད་ཅེས་བཀའ་སློབ་ལམ་སྟོན་གནང་སོང་ཞེས་འགྲེལ་བརྗོད་གནང་སོང།

ཆོས་རིག་བཀའ་བློན་མཆོག་གིས་བརྟན་བཞུགས་ཀྱི་བརྒྱུད་རིམ་སྐོར་གསུང་དོན། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང། དགའ་བཞི་མཁན་སྤྲུལ་རིན་པོ་ཆེ་རྣམ་གཉིས་གཙོས། འོད་ཟེར་རྡོ་རྗེ་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཡོད་པ་རེད། ཉིན་མང་པོའི་རིང་སྒྲུབ་སྦྱངས་གནང་ཏེ། ༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་དག་སྣང་གསང་བ་རྒྱ་ཆེན་གྱི་ཚེ་སྒྲུབ་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད་ཅེས་འགྲེལ་བརྗོད་གནང་སོང།

བརྟན་བཞུགས་གྲུབ་རྗེས། བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་གཞུང་གི་སྲི་ཞུ་བ་ཚང་མར་གཙུག་ལག་ཁང་གི་བདུན་ཐང་དུ་གསོལ་ཇ་བཞེས་ཏོག་སྟབས་བདེ་ཞིག་གོ་སྒྲིག་བྱས་འདུག །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སམས་རགས།