༧གོང་ས་མཆོག་གིས་སུད་སི་ནང་ཉིན་གཉིས་པའི་མཛད་འཕྲིན།

ཕྱི་ཚེས་༡༤ ཉིན་གྱི་སུད་སི་ཛུ་རིག་གྲོང་ཁྱེར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཞིང་།  སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་ངོས་ནས་བརྟན་བཞུགས་བསྟར་འབུལ་དང་། ༧གོང་ས་མཆོག་གིས་དབུ་མ་རིན་ཆེན་འཕྲེང་བ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ། སྒོར་རིམ་བར་མ་བཅས་ཀྱི་བཀའ་ཆོས། དེ་བཞིན་སུད་སི་བོད་རིགས་མི་མང་ལ་དམིགས་བསལ་བཀའ་སློབ་སོགས་གནང་ཡོད་འདུག

ཕྱི་ཚེས་༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ངོས་ནས་༧གོང་ས་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་དང་། བརྟན་བཞུགས་རྗེས་བོད་རིགས་གཙོས་པའི་ཕྱི་རྒྱལ་མི་རིགས་མང་པོ་ཞིག་དང་། རྒྱ་རིགས་སོགས་འདུས་པའི་མིང་མང་སྟོང་ཕྲག་གསུམ་ལྷག་ཙམ་ལ་དབུ་མ་རིན་ཆེན་འཕྲེང་དང་། སྒོམ་རིམ་བར་མ། རྒྱལ་སྲས་ལག་ལེན་སོ་བདུན་མའི་དབང་ལུང་སོགས་ཀྱི་བཀའ་ཆོས་བཀའ་དྲིན་སྐྱོང་གནང་ཡོད་པ་མ་ཟད། བོད་རིགས་ཚོར་དམིགས་བསལ་བཀའ་སློབ་སོགས་གནང་ཡོད་འདུག

སུད་སི་མི་མང་གི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཀྱི་བརྗོད་ཚིག་ནང་འཁོད་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བྱམས་བརྩེའི་གཏེར་ཆེན་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཏན་གྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་ལུགས་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པར། སྐུའི་གསང་གསུམ་ལ་འགལ་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བཅོམ་ལྡན་འདས་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་།མཁྱེན་བརྩེའི་རླབས་ཆེན་མཛད་འཕྲིན་རིས་མེད་རྒྱལ་བསྟན་ཕྱོགས་བཅུའི་མཐའ་ཁྱབ་ཀུན་ཏུ་སྤེལ་ཞིང་། སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་བདེ་སྐྱིད་ལྷག་པར་དར་བའི་གསོས་སུ་སྨིན་པའི་རྟེན་འབྱུང་དུ། སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་བའི་སླད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཞལ་བཞེས་སྐལ་བཟང་སྤྱི་སྨིན་བཞིན། ཕྱི་ལོ་༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་སུད་སི་རྫུ་རིག་གྲོང་འཁྱེར་གྱི་ཧཱ་ལེན་སིཊ་ཌིཨོན་ཚོགས་ཁང་ཆེན་མོའི་ནང་སྐལ་ལྡན་འདུས་པ་རྒྱ་མཚོས་དད་བརྟན་དམ་ཚིག་འགྱུར་བ་མེད་པའི་ངང་།མདོ་ལུགས་བརྟན་བཞུགས་གཟབ་རྒྱས་འདེགས་འབུལ་ཞུས་པ། ཅེས་སོགས་འཁོད་འདུག 

༧གོང་ས་མཆོག་གིས་སུད་སི་བོད་རིགས་ཚོར་བཀའ་སློབ་ཕེབས་པའི་ནང་། སུད་སི་ནི་བོད་པ་ཚོར་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། ང་ཚོ་ཐོག་མར་དཀའ་ངལ་ཆེན་པོའི་སྐབས་ཨ་ཤི་མན་ནས་བོད་ཕྲུག་མང་པོ་བླངས་པ་དང་། དེ་རྗེས་རྒྱ་གྲམ་དམར་པོའི་རོགས་སྐྱོར་དང་སུད་སི་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བོད་པ་སྟོང་ཕྲག་ལྷག་ཅིག་སུད་སི་ནང་བླངས་པ་སོགས་དཀའ་དྲིན་ཆེན་པོ་ཡིན། ད་ལྟ་བོད་མི་ཚོས་གནས་སྟངས་ཧ་ཅང་ཡག་པོ་འདུག རྩ་བའི་ཞབས་འདྲེན་ཞུ་མཁན་རེ་ཟུང་ཡོད་ཀྱང་བོད་པ་སྤྱིའི་ལས་འགན་འཁུར་སྟངས་ཡག་པོ་འདུག དང་ཐོག་རྒྱ་གར་ནང་དུའང་བོད་པ་ལ་བསྟོད་སྔགས་བྱེད་མཁན་མ་གཏོགས་མེད་ཀྱང་། ག་ལེར་གནས་ཚུལ་འདྲ་མིན་ཐོག་བཤད་རྒྱུ་མང་པོ་ཡོང་གི་ཡོད་པ་རེད། ང་ཚོས་དོ་སྣང་གནང་དགོས་ཀྱི་འདུག ང་ཚོའི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་དང་། བོད་མི་ཚོས་ཡ་རབས་བཟང་སྤྱོད་ཐོག་ལ་ཤུགས་རྒྱག་དགོས་པ་རེད། ལས་བསྡོམས་ནང་ཁྱོད་རང་ཚོས་སེམས་ཅན་སྲོག་སླུ་གཏོང་བ་སོགས་གནང་འདུག དེ་ཞེ་དྲག་ཡག་པོ་བྱུང་འདུག དེ་ལ་བསྟོད་བསྔགས་ཡོད། ཅེས་དང་། བོད་པ་ཚོས་ནང་ཆོས་སློབ་སྦྱོང་ཡག་པོ་གནང་དགོས་ཀྱིན་འདུག་ལ། དབུ་མ་རིན་ཆེན་འཕྲེང་བ་སོགས་ནང་ཆོས་ཀྱི་དཔེ་ཆ་དེ་དག་སློབ་དེབ་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་གནང་དགོས་པ་དེ་གལ་ཆེན་པོ་རེད། ཅེས་སོགས་གནང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།