༧གོང་ས་མཆོག་གི་བཀའ་དྲིན་དྲན་དགོས།

སུད་སི་མངའ་སྡེ་སོ་ལོ་ཐོན་གྱི་གྲོང་ཁྱེར་ཨོལ་ཏན (Olten ) ནང་ས་གནས་ཚོགས་ཆུང་གི་རྒྱུན་ལས་ངོས་ནས་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུ་ཕེབས་པའི་༧སྐུའི་གྱ་སྟོན་ཞིག་གོ་སྒྲིག་བྱས་འདུག་པ་དང་།གྱ་སྟོན་མཛད་སྒོར་ཆེད་དུ་གདན་འདྲེན་ཞུས་པའི་སུད་སི་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་།སུད་སི་སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག།སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་སོགས་མཉམ་ཞུགས་དང་།གཞན་མི་མང་བརྒྱ་ལྷག་མཉམ་ཞུགས་ཀྱིས་༧སྐུའི་གྱ་སྟོན་མཛད་སྒོ་ལ་རོལ་ཡོད་འདུག

ཐེངས་འདིའི་གྱ་སྟོན་གོ་སྒྲིག་པ་དང་།ས་གནས་བོད་རིགས་ཚོགས་ཆུང་གི་ས་གནས་འཐུས་མི་བསམ་གཏན་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་གྱ་སྟོན་མཛད་སྒོ་འདི་བསྡུ་དགོས་པའི་དམིགས་ཡུལ་དང་འབྲེལ་བའི་ཐད་བཀའ་སློབ་གནང་དོན།ད་ལོ་ནི་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་བོད་མི་སྤྱི་དང་།འཛམ་གླིང་ཞི་བདེ་ལ་དགའ་མཁན་ཡོངས་ཀྱིས་དགའ་སྤྲོ་སྐྱེ་དགོས་པའི་ལོ་ཞིག་ཆགས་ཀྱིན་ཡོད།རྒྱུ་མཚན་ནི་༧གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་བརྒྱད་བཅུ་ཕེབས་པའི་བཀྲ་ཤིས་པའི་འཁྲུངས་ལོ་ཡིན་སྟབས།འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་དང་།༧གོང་ས་མཆོག་གི་མཛད་རྗེས་ལ་དགའ་གུས་ཡི་རང་གནང་མཁན་ཚང་མས་རྣམ་པ་འདྲ་མིན་གྱི་ཐོག་ནས་༧སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་པ་ལྟར།ས་གནས་སོ་ལོ་ཐོན་ནང་ཡོད་པའི་བོད་རིགས་ཚོས་ཀྱང་འདི་ལྟའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་ཐུབ་རྒྱུ་གལ་ཆེན་དུ་མཐོང་སྟེ་དེ་རིང་འདིར་གྱ་སྟོན་འདི་གོ་སྒྲིག་ཞུས་པ་ཡིན།ཡིན་ནའང་ས་གནས་བོད་རིགས་ཚང་མ་དང་།གཞན་མི་མང་ཚང་མས་མཁྱེན་དགོས་པ་ཞིག་ལ།དེ་རིང་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་ལ་རོལ་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་པའི་ཞོར་ལ།༧གོང་ས་མཆོག་གི་བཀའ་དྲིན་དྲན་དགོས་པ་དང་།ལྷག་པར་དེ་རིང་ང་ཚོ་འདིར་དགའ་དགའ་སྤྲོ་སྤྲོ་བྱས་ནས་འཛོམས་ཐུབ་པ་བྱུང་བ་འདི་དག་ཡོད་ཚད་ཀྱང་༧གོང་ས་མཆོག་གིས་སྐུ་ན་ཆུང་བའི་དུས་ནས་དགུང་གྲངས་བརྒྱད་བཅུ་ཟིན་པའི་བར་དུ་སྐུ་ལས་བརྒྱབ་པའི་གྲུབ་འབྲས་ཡིན་བསམ་པ་ཞིག་དང་།ཁོང་གི་དགོངས་གཞི་ལྟར་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་།ཡ་རབ་བཟང་སྤྱོད་དང་ལྡན་པ་བྱ་རྒྱུ་སོགས་ངེས་པར་དྲན་དགོས་པ་རེད།དེ་ཡིན་དུས་མི་མང་ཚང་མས་མ་འོངས་པར་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་།དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྲད་པའི་བོད་མིའི་ལས་འགན་སོགས་ཅིས་ཀྱང་མ་ནོར་བ་གནང་རྒྱུ་སོགས་ཤིན་ཏུ་གལ་ཆེན་ཡིན་ཞེས་སོགས་གསུངས།ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སམས་རགས།