༧གོང་ས་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་སོང་།

དེ་རིང་སྤྱི་ལོ་༢༠༡༨ཟླ་༩ཚེས་༢༠ཉིན་གྱི་ཉིན་རྒྱབ་ཏུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་མི་མང་གིས་ཕེབས་བསུ་གཟབ་རྒྱས་ངང་སུད་སི་གྲོང་ཁྱེར་ཛུ་རིག་གནམ་ཐང་ཉེ་འགྲམ་གྱི་མགྲོན་ཁང་Hilton Hotel ཆེན་པོའི་ནང་ཞབས་སོར་བདེ་བར་འཁོད་ཡོད་འདུག 

འདི་གའི་གསར་འགོད་པ་བཀྲིས་གནམ་རྒྱལ་ལགས་ཀྱིས་ས་གནས་ནས་གནས་ཚུལ་མཁོ་གཏོང་གནང་བའི་ནང་།དེ་རིང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་ཇར་མན་ནེ་ནས་སུད་སི་ཛུ་རིག་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།རི་ཁོན་མཁན་བླ་དགེ་འདུན་རྣམས་ཀྱིས་གཙོས་སུད་སི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་།སྤྱི་ཟུར་རྣམ་པ།སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་བོ་གཙོས་ས་གནས་འཐུས་མི་རྣམ་པ།གཞན་སུད་སི་མི་མང་ཟློས་གར་གྱིས་བཀྲ་ཤིས་རྔ་རོལ་དང་བཅས་སུད་སི་མི་མང་སུམ་བརྒྱ་མ་ཟིན་ཙམ་གྱིས་ལག་ཏུ་མེ་ཏོག་དང་མཇལ་དར།སྤོས་སྣ་སོགས་བཟུང་སྟེ་བཞུགས་གནས་མགྲོན་ཁང་ཆེན་མོའི་ནང་ཕེབས་བསུ་དང་ཞབས་སོར་བདེ་བར་འཁོད་ཡོད་འདུག

༧གོང་ས་མཆོག་གི་ཐེངས་འདིའི་མཛད་རིམ་གཙོ་བོ་ནི།སུད་སི་རི་ཁོན་ཆོས་འཁོར་དགོན་ཚུགས་ནས་ལོ་ངོ་༥༠་འཁོར་བའི་དུས་ཆེན་མཛད་སྒོར་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་ཏེ་ཞལ་བཞེས་བཀའ་བཟང་སྤྱི་སྨིན་ལྟར།  ཚེས་ ༢༡ ནས་ ༢༤ བར་ས་གནས་རི་ཀོན། ཝིིན་ཏར་ཐུར། ཛུ་རིག་བཅས་སུ་རི་ཀོན་ཆོས་འཁོར་དགོན་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་དང་སྟབས་འབྲེལ་གྱི་མཛད་རིམ་ཁག་གི་དབུ་བཞུགས་མཛད་རྒྱུ་ཡིན་འདུག་ལ། དེ་བཞིན་ཛུ་རིག་གཙུག་ལགས་སློབ་གྲྭ་ཆེན་མོའི་ནང་འགྲོ་བ་མིའི་ཀུན་ཁྱབ་རིན་ཐང་དང་ཤེས་ཡོན་༽ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སློབ་གཉེར་ཁང་གི་སློབ་མ་དང་ལས་བྱེད་རྣམས་དང་ལྷན་དུ་ཞིབ་མོལ་གནང་རྒྱུ་ཡིན་པ་དང་། གཞན་སུད་སི་བོད་རིགས་མི་མང་ལ་དམིགས་བསལ་བཀའ་སློབ་གནང་རྒྱུ་བཅས་ཀྱི་མཛད་འཕྲིན་བསྒྲིགས་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སམས་རགས།