༧་གོང་ས་མཆོག་རི་ཀོན་ཆོས་མཁོར་དགོན་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་མཛད།

སྤྱི་ལོ་༢༠༡༨ལོའི་ཕྱི་ཟླ༩ཚེས་༢༡་ཉིན་སྔ་དྲོ་ཕྱག་ཚོད་༡༠ཐོག་ས་གནས་རི་ཀོན་དགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ནས་ཐོག་མར་དགོན་པའི་མཆོད་མེ་ཁང་གསར་བཞེངས་གནང་བར་རབ་གནས་མཛད་པ་དང་།དེ་ནས་དགོན་པའི་མཆོད་ཁང་དུ་བཞུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་དབུ་འཛུགས་གནང་བ་དང་། ཚོགས་ཐོག་ཏུ་མཁན་རིན་པོ་ཆེ་གཙོའི་དགེ་འདུན་པ་རྣམ་པ་དང་།སྤྱི་མཐུས་ཟམ་མདོ་བྱམས་པ་ལགས་དང་སྤྱི་ཟུར།སྐུ་ངོ་དོན་གཅོད་དང་དོན་གཅོད་ཟུར་བ།སུད་སའི་ཕྱི་རྒྱལ་སྐུ་མགྲོན་ཁག་ཅིག་དང་དད་ལྡན་བོད་རིགས་གང་མང་ཕེབས་ཡོད་པ་རེད།

མཁན་པོ་དགེ་བཤེས་ཐུབ་བསྟན་ལགས་ནས་དགོན་པའི་བྱུང་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་།
བོད་རིགས་ཕྲུ་གུ་རྣམས་དང་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཁག་སྙན་སེང་ཞུས།

དགོན་པའི་འགན་འཛིན་འབུམ་རམས་པ་ཀརྨ་བློ་བཟང་མཆོག་ནས་དགོན་པའི་སྤྱིན་བདག་ཁུན་ནང་མིས་བོད་རིགས་ཚོར་ལས་ཀ་དང་སྡོད་ཁང་མཁོ་སྤྲོད་མཐུན་འགྱུར་གནང་པ་དང་དགོན་པ་བཞེངས་པར་ས་ཆ་དང་དཔལ་འབྱོར་གྱི་རོགས་རམ་གནང་པར་ཐུགས་རྗེ་དྲན་གསོ་ཞུས་པ་དང་།དགོན་པའི་དཔེ་མཛོད་ཁང་ངོ་སྤྲོད་གནང་།

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན་ལ་ང་ཚོ་བོད་པ་ནི་དཔལ་འབྱོར་དང་དབུལ་ཕོངས་ཀྱི་དཀའ་ངལ་མྱངས་ནས་ཡོང་བའི་སྐྱབས་བཅོལ་བ་ཁོ་ན་མིན་པར་སྐད་དང་དང་ཆོས།རིག་གཞུང་རྩ་མེད་དུ་གཏོང་བཞིན་པ་དེ་ལས་ཉེན་ཡོལ་ཆེད་ཕྱི་ལོགས་སུ་ཡོང་མཁན་བཙན་བྱོལ་བ་ཆགས་ཡོད་པ་དང་།སུད་སུ་རྒྱ་གྲམ་དམར་པོ་ཚོགས་པ་ནས་བོད་མི་ཆིག་སྟོང་སྐྱབས་བཅོལ་དུ་བླངས་ཡོད་པར་བཀའ་དྲིན་ཆེན་པོ་ཡིན་པ་དང་།ནང་ཆོས་དང་ཚན་རིག་གཉིས་ཀྱི་གོ་བསྡུར་དང་བགྲོ་གླེང་གང་མང་གནང་ཡོད་པ་དང་།དེ་ཡང་ནང་པའི་ཆོས་ལུགས་ལ་གཞན་དང་མ་འདྲ་བའི་ལུང་འདྲེན་གཅིག་པུ་མིན་པར་རིགས་པས་བསྒྲུབ་ནས་འགྲོ་དགོས་ཡོད་པ་དང་།དགོན་སྡེ་ཁག་གི་ནང་པའི་ཤེས་ཡོན་གྱི་བསྟི་གནས་སུ་བསྒྱུར་དགོས་པ་དང་ཆོ་ག་ཆོས་ལེན་གཅིག་པུ་མིན་པར་བཀའ་བསྟན་འགྱུར་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་སོང་།ཧི་མ་ལ་ཡ་ཁུལ་གྱི་ནང་པའི་དགོན་སྡེ་ཁག་ཅིག་ཤེས་ཡོན་གྱི་བསྟི་གནས་སུ་བསྒྱུར་མཆར་ཡོད་པར་ཁོང་ཉིད་ཀྱིས་བསྔགས་བརྗོད་གནང་ཚུལ་གསུངས།

མཇུག་མཐར་དགོན་པའི་སྤྱི་གཉེར་བ་ཧྥེ་ལུ་པུ་མཆོག་ནས་དེ་རིང་གི་མཛད་སྒོ་ཚགས་ཚུབ་ཡོང་བར་རྒྱབ་སྐྱོར་དང་ཕྱག་རོགས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་བ་དང་མཛད་རིམ་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་གནང་།

གསར་འགོད་པ། ཤ་བོ།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 6 སྡོམས་རོགས།