༧གོང་ས་མཆོག་གིས་སུད་སི་མི་མང་ལ་བཀའ་སློབ་བཀའ་དྲིན་བསྩལ།

དེ་རིང་སྟེ་སྤྱི་ལོ་༢༠༡༨ ཟླ་༩་ཚེས་༢༣ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སུད་སི་རི་ཁོན་ཆོས་འཁོར་དགོན་ཕྱག་བཏབས་ནས་ལོ་༥༠་འཁོར་བའི་དུས་སྟོན་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་བའི་ཉིན་གསུམ་པར། སུད་སི་གནས་སྡོད་བོད་རིགས་མི་མང་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མར་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་།

སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ས་གནས་ཨོར་ལེ་ཁོན Oerlikon གྱི་ཧ་ལན་ཚོགས་ཁང་ཆེན་མོའི་ནང་། རི་ཁོན་ཆོས་འཁོར་དགོན་དང་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གཉིས་ཀྱིས་གོ་སྒྲིག་ཞུས་ཏེ། ཞོགས་པའི་ཆུ་ཚོད་དགུ་བ་ནས་ཆུ་ཚོད་བཅུ་བཅུ་གཅིག་བར་སྒོ་རིམ་བར་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ།སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བཀའ་དྲིན་བསྩལ། ཉིན་རྒྱབ་ཆུ་ཚོད་༡༢་༠༠་ཙམ་ནས་༧་མགོན་པོ་མཆོག་གིས་སུད་སི་གནས་བཞུགས་བོད་རིགས་མི་མང་གཙོ་བོར་གྱུར་བའི་དད་ལྡད་མི་མང་སྟོང་ཕྲག་མང་པོ་ཞིག་ལ་དམིགས་བསལ་བསྐའ་སློབ་བསྩལ་དོན།

བོད་མི་རིགས་ཀྱི་སྙིང་སྟོབས་དང་ངོམ་ཡ་ཡོད་ན་མེད་ན་ནང་ཆོས་ཆགས་བསྡད་གྱི་ཡོད་པ་དང་། ནང་ཆོས་ཀྱི་ལྟ་གྲུབ་ཐད་འགྲེལ་བཤད་རྒྱག་དགོས་ན་བོད་པའི་སྐད་ཡིག་ལས་ལྷག་ཅིག་མེད་པ་དང་། བོད་པའི་སྐད་ཡིག་ནི་ཧ་ཅང་རླབས་ཆེན་གྱི་སྐད་ཡིག་ཅིག་ཡིན་པའི་སྐོར་དང་། གཞན་བོད་ཀྱི་ཆན་སྲིད་གནད་དོན་ཐད། ༡༩༥༦ ལོར་༧གོང་ས་མཆོག་རྒྱ་གར་ནང་ཕེབས་སྐབས་ནས་རྒྱ་གར་གྱི་སྲིད་བློན་ནེ་རོ་མཆོག་གིས་བོད་གྱི་གནད་དོན་ཐད་དོན་ཚན་བཅུ་བདུན་གྱི་འབྲུ་དོན་རེ་རེ་བཞིན་གསེད་གྲོལ་གྱིས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་དགོས་སྐོར་དང་། ༡༩༧༤་ལོའི་གོང་དུ་མཉམ་འབྲེལ་རྒྱལ་ཚོགས་གཙོས་ཨ་རི་དང་ཡུ་རོབ་བཅས་ཀྱི་རྒྱལ་ཁབ་མང་པོ་བོད་ཀྱི་བདེ་སྡུག་ཁག་ཞུ་གཏུགས་ཞུས་པ་དང་། ལྷག་པར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་དཔལ་ལྡན་ནེ་རོ་མཆོག་གིས་བོད་ཀྱི་གནད་དོན་དེ་སྔ་འཕྱི་མ་གཏོགས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་དགོས་རྒྱུ་ལས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ཀྱིས་རོགས་ཕན་མི་ཡོང་བའི་སྐོར་གསལ་བོ་གསུང་བ་ནང་བཞིན། ༡༩༧༤ ལོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྨང་གཞིའི་བསམ་བློ་འཁོར་བ་དང་། ༡༩༧༩ ལོར་ཏིང་ཞོ་ཕིང་གིས་རྒྱལ་ལོ་དོན་གྲུབ་དང་སྐད་ཆ་བྱུང་སྟེ། བོད་ཀྱི་གནད་དོན་འདི་རང་བཙན་ལས་གཞན་སྐད་ཆ་གང་ཡིན་ཀྱང་བཤད་ཆོག་པའི་སྐད་ཆ་ཞིག་བྱུང་བའི་སྔ་ཕྱིའི་བརྒྱུད་རིམ་དང་། ལྷག་དོན་སྐབས་ཐོག་དེ་ནས་བོད་ཀྱི་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་སྒོ་ཅུང་ཙམ་ཕྱེས་པའི་བརྒྱུད་རིམ་ལས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་མ་ཆད་པར་ཕན་ཐོག་ཆེན་པོ་བྱུང་བའི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་ནི། གལ་སྲིད་བོད་རང་བཙན་དགོས་ཞེས་སྐད་བརྒྱབ་པ་ཡིན་ན་སྔོན་མ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་བོད་ས་ཁུལ་ཙམ་ལས། མདོ་སྟོད་སྨད་དང་། འབྲུ་ཆུའི་ཕ་རྒྱབ་ནས་རྒྱ་ཁོངས་སུ་ཚུད་འགྲོ་བ་མ་ཟད། བོད་མི་ས་ཡ་བཞི་ཙམ་བོད་ཁོངས་སུ་འདུ་མི་ཐུབ་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་ན་ཆོལ་ཁ་གསུམ་གྱི་མཉམ་རུབ་དང་། སྐྱིད་སྡུག་གཅིག་གི་འོག་ནས་ཡོང་ཐུབ་ཡ་ཞིག་ལས། དེ་ལས་ཁ་བྲལ་དུ་སོང་ཚེ་ཡོང་ཐབས་མེད་སྐོར་ལ་བཀའ་སློབ་ཞིབ་རྒྱས་བཀའ་དྲིན་བསྩལ་བ་མ་ཟད། ནུབ་ཕྱོགས་ཁུལ་གྱི་བོད་མི་ཚོས་རང་འཁྲིས་ལས་དོན་ཁག་དྲང་པོ་དང་ལྷག་བསམ་རྣམ་དག་བྱེད་དགོས་པ་དང་། དྲང་པོ་གཡོ་ཟོལ་མེད་པ་བྱས་ཚེ་བོད་པའི་ཡ་རབ་བཟང་སྤྱོད་དང་། དམིགས་བསལ་མཚན་མཐོང་ལ་ཕན་རྒྱུ་ཡིན་པ། ད་དུང་བོད་པའི་ཕ་མ་ཚོས་བུ་ཕྲུག་ལ་བོད་སྐད་ཡིག་ཉམས་ཆག་གཏོང་མི་རུང་སྐོར་བཅས་ལ་བཀའ་སློབ་ཞིབ་རྒྱས་གནང་སོང་།

མཛད་རིམ་གྱི་མཇུག་ཏུ་སུད་སི་མི་མང་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་གི་མདུན་སར་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་སྐབས་བཅུ་བདུན་པའི་ངོས་ནས་སྐབས་སྔ་མ་དག་གི་ལས་འཆར་བཞིན་སུད་སི་མི་མང་སྤྱི་ཁང་ཉོ་འཆར་གྱི་ལས་བསྡོམས་སྙན་གསེང་ཞུས་རྗེས་ལས་རིམ་མཇུག་བསྡུས་གནང་སོང་།

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སམས་རགས།