༧གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་གསར་འགོད་པར་མཇལ་འཕྲད་གནང་།

དེ་རིང་ཕྱི་ཚེས་༢༡ཉིན་གྱི་ཆུ་ཚོད་བརྒྱད་དང་སྐར་མ་བཅོ་ལྔའི་ཐོག་སུད་སི་གྲོང་ཁྱེར་ཛུའི་རིག་གི་ཧེལ་ཊོན་མགྲོན་ཁང་Hilton Hotel དུ་༧གོང་ས་མཆོག་གིས་གསར་འགོད་པ་ཉི་ཤུ་ཙམ་ལ་མཇལ་འཕྲད་གནང་ཡོད་པ་དང་།གསར་འགོད་ལྷན་ཚོགས་ཐོག་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་བཀའ་སློབ་གནང་དོན།


ང་ལ་གསར་འགོད་པ་ཚོ་དང་འཕྲད་པའི་གོ་སྐབས་ནམ་བྱུང་ལ་ངས་རང་ཉིད་ཀྱི་དམ་བཅའ་གསུམ་གྱི་སྐོར་ལ་ངོ་སྤྲོད་བྱེད་ཀྱི་ཡོད།དེ་ནི་ང་ཚོ་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་གྱི་ཡོད།ང་ཚོ་སུ་ཡིན་ཡང་རང་ཉིད་ལ་བདེ་སྐྱིད་དང་ལྡན་པའི་མི་ཚེ་ཞིག་བྱུང་ན་བསམ་པ་གཅིག་གྱུར་ཡོད་པ་རེད།གཉིས་པ་དེ་ཆོས་ལུགས་འཆམ་མཐུན་གྱི་སྐོར་ཡིན།ཡུལ་ལུང་ཁ་ཤས་སུ་ཆོས་ལུགས་ཀྱི་མིང་འཁྱེར་ནས་མི་གསོད་ཁྲག་སྦྱོར་བྱེད་ཀྱི་ཡོད་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།ཆོས་ལུགས་འཆམ་མཐུན་ཟེར་བ་ནི་མི་སྲིད་པ་ཞིག་གཏན་ནས་མ་རེད།དཔེར་ན་རྒྱ་གར་ནི་དཔེ་མཚོན་ཡག་ཤོས་ཏེ་རེེད།རྒྱ་གར་ནི་འཛམ་གླིང་འདིའི་ནང་གི་མི་གྲངས་མང་ཤོས་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན།ལོ་ངོ་སྟོང་ཕྲག་གསུམ་གྱི་ཡར་སྔོན་ནས་རྒྱ་གར་ཏུ་ཆོས་ལུགས་མང་པོ་ཞིག་འཆམ་མཐུན་ངང་གནས་ཐུབ་ཀྱི་ཡོད་དང་ལྟ་གྲུབ་ཀྱི་ཆ་ནས་རྩོད་གླེང་དེ་འདྲ་བྱུང་གི་ཡོད་མོད་སྤྱིའི་ཆ་ནས་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་དེ་དག་འཆམ་མཐུན་དང་མཉམ་གནས་བྱེད་ཐུབ་ཀྱི་ཡོད།གསུམ་པ་བོད་པའི་གནད་དོན་ལ་མཚོན་ན་ངས་ཉིས་སྟོང་གཅིག་ནས་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་ལ།ང་རང་གིས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་མཉམ་རྒྱུད་འཛིན་བྱེད་ཀྱི་ཡོད། ང་ཚོ་བོད་པའི་རིག་གཞུང་འདི་རྒྱ་གར་ནས་བྱུང་བ་དང་།རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ཚོ་ང་ཚོ་བོད་པ་གཅིག་པོས་ཉར་ཚགས་བྱས་ཡོད་པ་ཤེས་རྟོགས་བྱུང་།བོད་པའི་སྐད་ཡིག་ནི་རྒྱ་གར་གྱི་གནའ་བོའི་ཤེས་རིག་འདི་དག་ལ་འགྲེལ་བཤད་རྒྱག་སྤྱད་ཡག་ཤོས་ཡིན་པ་དང་།བོད་པའི་སྐད་ཡིག་འདི་འཛམ་གླིང་སྤྱིའི་ནོར་བུ་ལྟ་བུ་རེད།བོད་པའི་ཁོར་ཡུག་ལ་མཚོན་ན་འཛམ་གླིང་གི་སྣེ་གསུམ་པར་ཆགས་ཡོད་པ་དང་འདི་ནི་ང་ཚོ་བོད་མི་ས་ཡ་དྲུག་གཅིག་པོ་ཙམ་གྱི་དོན་དག་མ་རེད།འདི་མི་གྲངས་དུང་ཕྱུར་མང་པོ་དང་འབྲེལ་བ་ཡོད་པ་ཞིག་རེད།འདི་ནི་ངེད་རང་གི་དམ་བཅའ་གསུམ་པ་དེ་ཡིན།ཁྱེད་ཚོ་གསར་འགོད་པ་ཚོ་ལའང་མིའི་རིགས་ཀྱི་ནང་བསམ་བློ་ཡར་རྒྱས་གཏོང་བར་འགན་འཁྲི་ཡོད་པས་མི་མང་ལ་སློབ་གསོ་སྤྲོད་རྒྱུ་ནི་ཁྱེད་ཚོའི་འོས་འགན་རེད་བཅས་ཆུ་ཚོད་ཕྱེད་ཀ་ལྷག་ལ་བཀའ་སློབ་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་། 

གསར་འགོད་པ་ཞིག་གིས་ད་ཐེངས་ཁྱེད་རང་སུད་སི་རུ་ཕེབས་ཐེངས་བཅོ་ལྔ་བ་དེ་ཡིན་པས་ཁྱེད་ཉིད་འདིར་ཕེབས་དོན་ཅི་ཡིན་སྐོར་ལ་བཀའ་ལན་གནང་དོན།སྔོན་ཆད་ང་རང་འཕྲོད་བསྟེན་གྱི་ཆེད་དུ་འདིར་ཡོང་གི་ཡོད།གཉིས་ནས་འདིར་ཡོད་པའི་བོད་པའི་མི་རབས་གསར་བ་ཚོས་རང་ཉིད་ཀྱི་རིག་གཞུང་བརླག་འགྲོ་ཡོད་པའི་ཉེན་ཁར་འཕྲད་ཀྱི་ཡོད་པས།ང་རང་འདིར་ཡོང་ནས་བོད་པའི་མི་རབས་གསར་བ་དེ་ཚོ་ལ་རང་ཉིད་ཀྱི་ཆོས་དང་རིག་གཞུང་དེ་ཚོ་དྲན་གསོ་གཏོང་གི་ཡོད། 
ཡང་གསར་འགོད་པ་གཞན་ཞིག་གིས་ང་ཚོས་བདེ་སྐྱིད་ཡོང་བར་ཅི་ལྟར་འབད་འབུངས་བྱས་ཀྱང་སེམས་ངལ་དེ་ལས་མང་བ་ཡོང་གི་ཡོད་པ་འདི་ལས་ཐར་ཐབས་ཅི་ཡོད་ལ་བཀའ་ལན་གནང་དོན།ཁྱེད་རང་གིས་ངའི་གདོང་ལ་ཅིག་ལྟོས་དང་།ང་རང་ལོ་བཅུ་དྲུག་ཡིན་དུས་ང་རང་གི་རང་དབང་ཤོར་བ་རེད།ལོ་ཉེར་བཞི་ཡིན་སྐབས་རྒྱལ་ཁབ་ཤོར་བ་རེད།བོད་ནང་དུ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།ཡིན་ན་ཡང་ང་ཚོ་ལ་ཆུང་དུས་ནས་སེམས་དེ་ཞི་བདེ་ངང་གནས་ཐུབ་པའི་སྦྱོང་བརྡར་ཐོབ་ཡོད་པ་རེད་ལ་འདི་ནི་ང་ཚོ་བོད་པ་ཚོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་ཞིག་རེད གཙོ་བོ་རང་ཉིད་ཀྱི་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་ལ་ཐུག་པ་ཞིག་རེད་གསུངས། 

ཆུ་ཚོད་གཅིག་མ་ཟིན་པའི་ཙམ་གྱི་རིང་གི་གསར་འགོད་ལྷན་ཚོགས་དེ་གྲོལ་རྗེས་་༧གོང་ས་མཆོག་རི་ཁོན་ཆོས་འཁོར་དགོན་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཆིབས་སྒྱུར་གནང་སོང་ལ།སང་ཉིན་ས་གནས་ལྦིན་ཏར་ཐུར་ཏུ་Winterthur ཞོགས་པའི་ཆུ་ཚོད་དགུ་བ་ཕྱེད་ཀ་ནས་དུས་དྲན་སྲུང་བརྩི་མཛད་སྒོར་དབུ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག

རི་ཀོན་ཆོས་འཁོར་དགོན་ནི་སྤྱི་ལོ་༡༩༦༨ལོར་ཁཱུན་བཟོ་གྲྭའི་བདག་པོ་ཁཱུན་ཁྱིམ་ཚང་གིས་གསར་བཞེངས་ཀྱི་སྦྱིན་བདག་གནང་བ་དང་༡༩༧༣ལོར་༧གོང་ས་མཆོག་དགོན་པ་འདི་རུ་ཆིབས་བསྒྱུར་ཐོག་མ་གནང་ཡོད་འདུག

གསར་འགོད་པ།ཡུམ་སྐྱབས། 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སམས་རགས།