༢༠༡༤ ལོའི་ཡོ་ནཱ་དཔྱིད་ཀའི་དུས་སྟོན།

དེ་ཡང་སུད་སི་ཤར་ཕྱོགས་སཱནགྷ་ལེན་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གསུམ་པ་རཱཔར་སི་ཝིལ་ཡོ་ནཱ་ཞེས་པའི་དཔྱིད་ཀའི་དུས་སྟོན་ཐེངས་ ༣༣  པ་དེ་འཆར་ཅན་ཕྱི་ཟླ་ ༤ པའི་བདུན་ཕྲག་གསུམ་པ་སྟེ་ཕྱི་ཟླ་ ༤ ཚེས་ ༢༥  རེས་གཟའ་པ་སངས་ནས་  ༢༧  རེས་གཟའ་ཉི་མ་བར་ཉིན་གསུམ་གྱི་རིང་ཚུགས་ཤིང།  སྐབས་དེར་ས་གནས་ཀྱི་བོད་ཡིག་སློབ་གྲྭའི་དཔལ་འབྱོར་མཐུན་རྐྱེན་འདུ་འགོད་ཀྱི་ལས་འགུལ་བོད་ཟས་ཚོང་སྒྱུར་ཞུས།   དཔྱིད་ཟླ་བཞི་པའི་གནམ་གཤིས་ཆར་དྲག་རླུང་ཤུགས་སྣེ་འཛོམས་ཡོད་པ་རྒྱུན་གཏན་མང་ཚོགས་ནས་སྤྱི་ཟླ་བཞི་པའི་གནམ་གཤིས་ཅེས་བརྗོད་པ་ཡིན།  གནམ་གཤིས་ཐ་ཞན་རང་བྱུང་མ་སོང་།  གནམ་གཤིས་སྔོན་བརྡ་གཞིར་བཟུང་བྱས་ན་རེས་གཟའ་ཉི་མར་ཧ་ལམ་སུད་སི་ཡོངས་རྫོགས་ཉིན་གང་ཆར་ཤོད་ཆེན་པོ་ཡོད་པ་ཡང་བཏང་ཡོད།  ཡིནའང་ཞོགས་པ་ཚོུད་ ༡༠  ཙམ་ནས་རིམ་བཞིན་དྭང་སོང་ལ།  ཕྱི་དྲོ་ཚོུད་ ༡༧  ཙམ་བར་ཆར་པ་ཆད་ནས་དཀའ་ངལ་ཆེ་བ་གང་ཡང་བྱུང་མ་སོང་།  གནམ་གཤིས་ཇི་ལྟར་ཡོད་མེད་ལ་མ་ལྟོས་པར་ས་ཁུལ་འདིར་གནས་སྡོད་དང་ཉེ་འཁོར་བོད་རིགས་བོད་སློབ་ནང་ཁོངས་སུ་ཡོད་པའི་རྒན་གཞོན་མི་གྲངས་ཉིས་བརྒྱ་ཙམ་གྱིས།  ཤ་བག་ལེབ་དང་མཱོ་མོག  ཞོ་ཁོག་བག་ལེབ།  བྲོ་ལྡན་སྔོ་ཚལ་སྤུས་ཚོང་བྱ་སྐབས།  ཕྱི་མི་སྤྲོ་འཆམ་པ་རྒན་གཞོན་མེད་པ་ཧ་ཅང་ཕོན་ཆེར་ལ་བོད་ཀྱི་ལྗགས་བྲོ་ལྡན་པའི་ཟས་ལ་རོལ་བའི་ངང་བོད་མིའི་བག་ཕེབས་རང་གཤིས་བཟང་པོ་མངོན་གསལ་དོད་པོའི་ངོ་སྤྲོད་ཐུབ་ཡོད།  ཡུལ་སྲོལ་ལྟར་སྔ་ཕྱི་རུ་བསྟར་བསྒྲིག་སྟེ་ཉོ་བ་ལས་ཚང་ཁ་རྒྱག་སྲོལ་མེད་སྟབས།   ཨ་མ་ལགས་ཞིག་གིས་གསུངས་གསལ་བྱས་ན།  ཁོང་རང་ཚོུད་སྐར་མ་ ༧༠ རིང་རུ་སྟར་ནང་བསྡོད་དགོས་པ་བྱུང་ཡང་འགྱོད་པར་མ་བྱུང་གང་ལ་ཟེར་ན།  བོད་ཟས་རོ་བཅུད་ལྡན་པ་དང་བོད་མིའི་ཡ་རབས་བག་ཆགས་གཤིས་ཀ་ཡག་པོ་འདུག་པའི་བསྟོད་བསྔགས་གནང་གི་འདུག  གང་ལྟར་ས་ཐག་རིང་པོ་ནས་ཡོང་མི་ཡང་མི་ཉུང་བ་ཞིག་འདུག  མི་གཅིག་གིས་ངས་ད་ལྟ་ཤ་བག་ལེབ་ལྔ་ཟས་པ་ཡིན་ཉི་ཤུ་སྐོར་ཁང་པར་འཁྱེར་རྒྱུ་ཡིན་ཟེར་འདུག  མདོར་བསྡུས་ནས་ཞུས་ན།  ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ས་གནས་བོད་སློབ་ཀྱི་དཔལ་འབྱོར་མཁོ་སྒྲུབ་དང་།  དེ་དང་སྦྲགས་བོད་དང་བོད་མིའི་ངོ་སྤྲོད།  བོད་མིའི་བཟང་སྤྱོད་དང་ཡུལ་མིའི་མཉམ་མཛའ་འབྲེལ་སྤེལ་རྒྱུ་བཅས་ཀྱི་དགེ་མཚན་བླ་ན་མེད་པ་མ་ཟད།  བོད་མི་ནང་ཁུལ་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུའི་དམངས་གཞི་ཡང་ཆགས་ཡོད།  ས་གནས་འདིར་བོད་སློབ་དགེ་ལས་ཕ་མ་ཙམ་མ་ཡིན་པར་ས་གནས་མི་མང་ནས་གདུང་སེམས་མཉམ་སྐྱེད་ཀྱིས་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཟེར་བ་ལྟར་མཉམ་རུབ་ཞུ་བཞིན་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སམས་རགས།