༄༅། སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས། ( གྲོས་ཚོགས། )

དེ་ཡང་།  ༢༠༡༥  ཕྱི་ཟླ་ ༨  ཚེས་  ༢༢  རེས་གཟའ་སྤེན་པའི་ཞོགས་པ་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སམ་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་གནང་སོང་།  ཐོག་མར་ས་འཐུས་ཚང་མ་ཕེབས་འཛོམས་མ་ཐུབ་བར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཤིང།  ཞོགས་པ་ཚོུད་  ༡༠/༣༠  ཐོག་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་སོང་ལ།  ཚང་མ་སྐུ་བཞེངས་གནང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གུས་བཏུད་མྱ་ངན་སྐར་མ་གཅིག་བཅས་ཞུས།  ཚོགས་གཙོས་གུས་བསུ་དང་བཅས་ཚོགས་འདུ་དབུ་འཛུགས་གནང་ཞིང།  ལས་རིམ་བྱེད་སྒོའི་སྐོར་གསལ་བཤད་གནང་།  བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་ས་གནས་འཐུས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཡན་ཡོད་པ་གསལ་བསྒྲགས་ཞུས།  དེ་ནས་ཚོགས་གཙོ་མཆོག་གིས་ཚོགས་འདུའི་འགྲོ་ལུགས་བཞིན་ཚོགས་གཙོའི་ལས་ཚབ་ཏུ་ས་འཐུས་འབྲོག་རྩ་ཚང་འོད་ཟེར་ལགས།  སྟག་ལྗོངས་ཞབས་ཚང་འཆི་མེད་ལགས།  མཁར་རྟག་པ་བཀྲིས་བསོད་ནམས་ལགས་བཅས་ངོ་སྤྲོད་གནང་བར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ངོས་ལེན་ཞུས།  ལས་རིམ་ཚོགས་ཆུང་ནང་དཔལ་ཁང་དཔལ་ལྡན་ལགས།  ཟླ་བ་ནོར་བུ་ལགས།  ཀརྨ་འཕྲིན་ལས་ལགས།  མགར་གནས་བདེ་སྐྱིད་དབྱངས་འཛོམས་ལགས་བཅས་ངོ་སྤྲོད་གནང་བར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ངོས་ལེན་ཞུས། 
ལས་རིམ་ནང་གཞུང་འབྲེལ་གྱི་གྲོས་གཞི་གྲོས་ཆོད་ཁག་བཞི་འདུག་པར་བགྲོ་གླེང་ལྷུག་པོ་གནང་སོར་བར་ཚང་མ་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་བྱུང་སོང་ལ།

ཡིག་ཆ ། ༡༽
༄༅། ཕྱི་ལོ་ ༢༠༡༦ ལོར་སྤྱི་ནོར་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པར་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བརྟན་བཞུགས་སྟར་འབུལ་ཞུ་རྒྱུའི་གཞུང་འབྲེལ་གྲོས་གཞི་གྲོས་ཆོད། གྲོས་འཆར་འདོན་མི་ས་འཐུས་ཚོགས་གཞོན་བླ་རྙིང་པདྨ་ལགས།  རྒྱབ་སྐྱོར་ཞུ་མི་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས།

ཡིག་ཆ། ༢༽
༄༅། དཔལ་ལྡན་བཀའ་ཤག་གི་ལྟ་གྲུབ་གསུམ་ནང་རང་ཁ་རང་གསོ་བོད་མི་ནང་ཁུལ་གཅིག་ཕན་གཅིག་གྲོགས་ཀྱི་གྲོས་གཞི་གྲོས་ཆོད།  གྲོས་འཆར་འདོན་མི་ས་འཐུས་གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ལགས།  རྒྱབ་སྐྱོར་ཞུ་མི་ས་འཐུས་ཀརྨ་འཕྲིན་ལས་ལགས།

ཡིག་ཆ། ༣༽
༄༅། གཞུང་འབྲེལ་དུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གྲོས་ཆོད། གྲོས་འཆར་འདོན་མི་ས་འཐུས་སྟག་ལྗོངས་ཞབས་ཚང་འཆི་མེད་རྡོ་རྗེ་ལགས། རྒྱབ་སྐྱོར་ཞུ་མི་ས་འཐུས་ཤོ་ཁ་སྐལ་བཟང་འཕྲིན་ལས་ལགས།

ཡིག་ཆ། ༤༽
༄༅། དོལ་རྒྱལ་ཚོགས་པའི་བྱ་སྤྱོད་ལ་ངོས་ལེན་མེད་པའི་གཞུང་འབྲེལ་གྲོས་འཆར་གྲོས་ཆོད། ས་འཐུས་མཁར་རྟག་པ་བཀྲིས་བསོད་ནམས་ལགས། རྒྱབ་སྐྱོར་ཞུ་མི་ས་འཐུས་མགར་གནས་བདེ་སྐྱིད་དབྱངས་འཛོམས་ལགས་བཅས།

ཡིག་ཆའི་དག་ཆ་དང་བརྗོད་གཞི་གསལ་ཁ་འདོད་རྒྱུ་སོགས་དོན་གནད་ཁ་ཤས་བྱུང་སོང་བ་རྣམས་འབྲེལ་ཡོད་རྣམས་ནས་བཟོ་བཅོས་བྱེད་སྒོ་གྲུབ་བསྟུན་ཚོགས་གཙོར་འབུལ་རྒྱུ་བཅས་ཀྱི་གྲོས་ཆོད་དང་།  ཐེངས་འདིའི་ས་གནས་འཐུས་ཚོགས་སམ་གྲོས་ཚོགས་བཀྲིས་ལེ་འགྲིག་ངང་མཇུག་བསྡོམས་དང་བཅས་ཚོགས་གཙོས་ཚང་མར་ལོ་དུས་དང་པོའི་གྲོས་ཚོགས་ཐེངས་དང་པོ་ཚགས་འཚུད་ངང་འགྲོ་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་ཚང་མས་དེ་ལྟར་གནང་ཐབས་ཡོང་བ་ཞུས་ནས་ཉིན་གུང་གསོལ་ཚིགས་བར་གསེང་གནང་སོང་བ་བཅས་ཀྱི་ཚིག་ཐོ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

༢༠༡༥  ཕྱི་ཟླ་ ༨  ཚེས་  ༢༢  རེས་གཟའ་སྤེན་པའི་ས་གནས་གྲོས་ཚོགས་ཀྱི་གྲོས་འཆར་རྣམས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སམས་རགས།