༄༅། རི་ཀོན་ཚོགས་ཆུང་ནས་བོད་ཀྱི་ལོ་གསར་དང་ཆོས་འཕྲུལ་དུས་ཆེན་སྲུང་བརྩི་ཞུས།

ཕྱི་ལོ་༢༠༡༨ ཟླ་བ་གཉིས་པའི་ཚེས་ ༢༤ སྟེ་བོད་རྒྱལ་ལོ་་༢༡༤༥་ས་ཁྱི་གནམ་ལོ་གསར་ཚེས་ ༡༠ ཉིན་རྒྱབ་ཚོུད་ ༡༥་༣༠ རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་དང་ཡུ་རོབ་སྤྱི་འཐུས་དང་སྤྱི་འཟུར་རྣམས་པ། བུད་མེད་ཚོགས་པའི་ཚོགས་གཙོ། རི་ཀོན་ས་འཐུས་དང་རྒྱུན་ལས་རྣམས་པ་ཐུན་མོང་གིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་འཁྲིར་གདན་དྲངས་། དེ་རྗེས་སྤྱི་མི་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་མི་མང་ལ་ལོ་གསར་འཚམས་འདྲི་ཞུས་མཚམས་ལོ་གསར་ཉིན་གྱི་མཛད་རིམ་ཁག་སྒྲོགས་སྦྱང་ཞུས། དེ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་སྐུ་ལུས་མེ་མཆོད་ཕུལ་བའི་དཔའ་བོ་དཔའ་མོའི་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་ངག་བཅད་སྐར་མ་གཅིག་འགྲུབ་པ་དང་རྒྱལ་བའི་ཞབས་བརྟན་དབུ་འཚུགས། དེ་ནས་རིམ་བཞིན་མཁན་རིན་པོ་ཆེ་། སྐུ་ཚབ་དོན་བཅོད་། ཡུ་རོབ་སྤྱི་མཐུས་བཅས་ནས་བཀའ་སློབ་གནང། ས་འཐུས་བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ནས་གསར་དུ་འདེམས་ཐོན་བྱུང་བའི་སྐབས་བཅུ་འདུན་པའི་ས་འཐུས་གསར་པ་མི་མང་ལ་ངོ་སྤྲོད་དང་། མ་འོངས་ལས་དོན་ཚགས་ཚུགས་ཡོང་བའི་བཀྲ་ཤིས་སྨོན་འདུན་དང་། ས་འཐུས་གསར་པས་ས་གནས་མི་མང་ལ་འཚམས་འདྲི་དང་འབྱུང་འགྱུར་ལོ་གསུམ་ནང་སྔར་རྒྱུན་ལྟར་ཆ་གྲུ་མཉམ་འདེགས་གནང་རོགས་ཞེས་འབོད་བསྐུལ་ཞུས། དེ་ཉིན་ཚོགས་ཆུང་གི་ཚོགས་མི་གྲངས་ ༢༤༠ ཙམ་གྱི་དགའ་སྤྲོ་བདེ་སྐྱིད་སྤེལ་ལ་ལོངས་སྤྱོད་ཆེད་དམིགས་བསལ་ཨ་རི་དང་། ཡུ་རོབ། ས་གནས་རང་ནས་གཞས་པ་གྲགས་ཅན་ཁག་ཅིག་མགྲོན་འབོད་ཀྱིས་གླུ་དབྱངས་བླངས། ས་གནས་རི་ཀོན་བོད་ཡིག་སློབ་ཕྲུག་ནས་གཞས་སྣ་འདྲ་མིན་སྤྱན་འབུལ་ཞུས།
ལོ་གསར་དགྱེས་འཛོམས་ཀྱི་དུས་སྟོན་མཇུག་མ་བསྡུ་གོང་
སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་མི་ལོ་ཧྲིལ་པོ་བོད་སྤྱི་པའི་དོན་དུ་ཕྱག་ལས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བཀྲིན་མཚོན་ཆེད་ཕྱག་བཏགས་ཤིག་རི་ཀོན་ཚོགས་ཆུང་ནས་ཕུལ། སྐུ་ཚབ་དོན་གཅོད་མཆོག་གང་མགྱོགས་རྒན་ཡོལ་ལ་ཕེབས་ཀྱི་ཡོད། མཐར་མི་མང་འདུ་འཛོམས་ཐོག་མཉམ་གཞས་དང་གོར་གཞས་ཁྲབ་ནས་ལོ་གསར་མཇུག་བསྡུས།
ཕྱི་ཟླ་ ༣ ཚེས ༡༦ ཉིན་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་ཆེས་དབུས་སྐྱབས་ནས་དགེ་འདུན་རྣམས་། བུད་མེད་ཚོགས་གཙོ། སྤྱི་ཟུར་དང་བཅས་མི་གྲངས་ ༥༠ ལྷག་ཙམ་ལྷན་འཛོམས་ཀྱིས་ཆོས་་འཁྲུལ་སྨོན་ལམ་དུས་ཆེན་སྲུང་བརྩི་་ཞུས། མཁན་རིན་པོ་ཆེ་མཆོག་ནས་ཆོས་འཁྲུལ་དུས་ཆེན་གྱི་འགྲེལ་བཤད་བསྐྱོན། སྐབས་འདིར་རྒྱལ་བའི་ཞབས་བརྟན་གང་མང་བསགས། མི་མང་ལ་གསོལ་ཇ་དང་ཞལ་འབག་འདེགས་འབུལ་བཅས་ཀྱི་གནས་ཚུལ་དུ། བརྡ་སྐྱེལ་ལྷག་པ་ཚེ་རིང་ནས་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།