༄༅། ༢༠༡༦ ཟླ་ ༥ ཚེས་ ༢༡ ཉིན་རི་ཀོན་ཆོས་འཁོར་དགོན་དུ་ས་ཟླའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅།  བོད་རྒྱལ་ལོ་  ༢༡༤༣  ས་ག་ཟླ་བའི་ཚེས་  ༡༥  དང་།  ཕྱི་ལོ་  ༢༠༡༦  ཟླ་  ༥  ཚེས་  ༢༡  རེས་གཟའ་སྤེན་པའི་ཉིན་སུད་སི་དང། ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་  ༡༦  པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་འོག་ས་ག་ཟླ་བའི་ཚེས་  ༡༥ དུས་དྲན་སྲུང་བརྩི་ཞུས།  ས་ག་ཟླ་བ་ནི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཞིག་ཡིན་པ་ལྟར།   དེའང་ལྕགས་ཕོ་སྤྲེལ་གྱི་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུབྷི་ནེ་ཚལ་དུ་སྐུ་བལྟམས་པའི་མཛད་པ་དང།   དགུང་གྲངས་སོ་ལྔ་ཤིང་རྟའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ལ་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ།   མཐར་དགུང་གྲངས་རྒྱ་གཅིག་ལྕགས་འབྲུག་ས་ག་ཟླ་བའི་བཅོ་ལྔ་ལ་རྩ་མཆོག་དྲུང་དུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བཅས་དུས་ཆེན་ཁྱད་འཕགས་ཅན་གསུམ་འཛོམས་ཀྱི་ཉིན་དེར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་དེའི་ཉིན་གདུལ་བྱ་རྣམས་ནས་བསོད་ནམས་ཚོགས་གསོག་ཆེད་དགེ་འབྱོར་གྱི་བྱ་བ་སྣ་ཚོགས་ཤིག་གནང་སྲོལ་ཡོད།

ཟླ་བ་འདིར་ནང་པའི་ཡུལ་གྲུ་ཁག་ཏུ་མི་མང་རྣམས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་བཞིན་པ་ཡིན་པ་མ་ཟད།   ཚེས་བཅོ་ལྔའི་ཉིན་གྱི་དུས་ཆེན་ཁྱད་པར་བ་བྱེད་ལུགས་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུ་མུས་ཡིན་པ་ལྟར།   འདི་གར་སུད་སིའི་ནང་ཚེས་བཅོ་ལྔའི་སྔ་དྲོ་ཕྱག་ཚོད་  ༩།༣༠  ཐོག་རི་ཀོན་ཆོས་འཁོར་དགོན་དུ་ལོ་ལྟར་བཞིན་ས་ག་ཟླ་བའི་མཆོད་འབུལ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས།

ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་སྐྱབས་གནས་དགེ་འདུན་རྣམ་པ།   ཡུ་རོབ་ཕྱོགས་བཞུགས་སྤྱི་ཟུར་རྣམ་པ།   སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག    སུད་སི་དང། ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོའི་དབུས་ས་འཐུས་ཁག་གཅིག    གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་དང་ས་གནས་མི་མང་བཅས་ཐེངས་འདིར་ཁྱོན་མི་གྲངས་  ༣༥༠  བརྒལ་བ་འདུ་འཛོམས་གནང་འདུག  ཐོག་མར་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་མཛད་སྒོ་དབུ་འབྱེད་ཀྱིས་གསུང་བཤད་གནང་དོན།   དེ་རིང་འདི་གར་ཆོས་འཁོར་དགོན་དུ་ལོ་ལྟར་བཞིན་ས་ཟླའི་ཚེས་  ༡༥  ཉིན་གྱི་དུས་དྲན་སྲུང་བརྩི་ཞུས་དགོས་པ་དེ་ལྟར་སྟབས་གཅིག་དོན་གཉིས་ཀྱི་ད་ལམ་སེ་ར་བྱེས་མཁན་ཟུར་༸སྐྱབས་རྗེ་དགེ་བཤེས་བློ་བཟང་དཔལ་ལྡན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན་སུད་སིའི་ནང་མཁན་ཟུར་ཞིང་གཤེགས་དམ་པ་ཁོང་གི་སློབ་མ་རྣམས་ཀྱིས་དགོངས་རྫོགས་མཆོད་འབུལ་ཞུ་རྒྱུ་དེ་ཡང་ད་རེས་ས་ཟླའི་དུས་དྲན་གྱི་མཆོད་འབུལ་དང་སྟབས་གཅིག་དོན་གཉིས་སུ་སྲུང་བརྩི་གནང་རོགས་ཅེས་འབོད་བསྐུལ་བྱུང་བ་ལྟར་ས་གནས་འཐུས་ཚོགས་ནས་ངོས་ལེན་ཞུས།   དེ་བཞིན་ ༢༠༡༦  ཟླ་བ་གསུམ་པའི་ནང་བོད་དུ་ཕྲུ་གུ་ལྔ་ཅན་གྱི་ཨ་མ་བསོད་ནམས་མཚོ་ལགས་ནས་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེར་བསྲེགས་གནང་བའི་སྐོར་དང་གཞན་ཡང་ད་རིང་གསོལ་ཚོགས་དང།   ཞལ་ལག   ཆབ་མངར།  གསོལ་ཇ་འབྲས་སིལ་བཅས་མཁན་ཟུར་དམ་པའི་སློབ་མ་རྣམས་ནས་རྒྱུ་གྲོན་སྦྱར་བར་བརྟེན་ཚང་མས་ཐུགས་སྨོན་ཡག་པོ་གནང་རོགས་ཅེས་གསུངས། 

དེ་རྗེས་རྒན་ཆོས་མཛད་ལགས་ནས་མཁན་ཟུར་ཞིང་གཤེགས་ཁོང་གི་མཛད་རྣམ་སྙིང་བསྡུས་ལྗགས་ཀློག་གནང་།  རིམ་བཞིན་ཞལ་འདོན་བསྔོ་སྨོན་དབུ་འཛུགས་གནང་བཞིན་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་གྱི་བར་གསེང་དང་བསྟུན་མཁན་རིན་པོ་ཆེས་ས་ཟླའི་ངོ་སྤྲོད་དང་ཕན་འབྲས་དགེ་ཚོགས་ཇི་ཡོང་བཀའ་སློབ་གནང།  མུ་མཐུད་ཚོགས་འཁོར་རྒྱས་གཤོམ་ཐོག་བོད་བསྟན་སྲིད་རང་དབང་གི་དོན་དུ་རང་ལུས་བློས་གཏོང་གནང་མི་འདས་སོན་ཡོངས་ལ་བསྔོ་སྨོན་མཆོད་འབུལ་རྒྱ་ཆེ་གྲུབ་མཚམས་ས་འཐུས་མཁར་རྟགས་པ་བཀྲ་ཤིས་བསོད་ནམས་ལགས་ནས་མང་ཚོགས་ནས་ཞལ་འདེབས་ཕུལ་ཐོ་མི་རེ་ངོ་རེའི་མཚན་བསྒྲོགས་བྱང་གནང།  

ཕྱག་ཚོད་  ༡༢།༤༠  ཐོག་ཉིན་དགུང་གི་གསོལ་ཚིགས་དཀར་སྐྱོང་རྒྱས་པ་འདེགས་འབུལ་གྱི་བར་སེང་གནང།  ཕྱག་ཚོད་  ༡༤།༡༥  ཐོག་བསྐྱར་འཛོམས་ཀྱིས་ཉེ་ཆར་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཡིད་སྐྱོའི་གནས་ཚུལ་བྱུང་སྐོར་འདི་ག་སུད་སི་ས་སྐྱ་བརྩེ་ཆེན་ཚོགས་པའི་སྒྲིག་འཛུགས་ནས་འབོད་བསྐུལ་གོ་སྒྲིག་འོག་ཕྱག་ཚོད་  ༡༥།༤༥  མུ་མཐུད་ནས་དགོངས་རྫོགས་བསྔོ་སྨོན་མཆོད་འབུལ་གནང་བ་བཅས་ས་ཟླའི་ཚེས་  ༡༥  ཉིན་གྱི་བསྔོ་སྨོན་མཆོད་འབུལ་དུས་དྲན་སྲུང་བརྩི་རྒྱལ་ཁའི་ངང་སྒྲོལ་བ་བཅས་ཀྱི་གསར་གནས་སྙིང་བསྡུ་སུ།    གསར་འགོད་པ།   བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།