༄༅། ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཛད་རྣམ་ཁ་བ་དཀར་པོ།

༄༅། ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཛད་རྣམ་ཁ་བ་དཀར་པོ། 

བླ་མ་ཁྱེད་ལ་བདག་གིས་མགོ་བོས་འདུད།།  བླ་མའི་དཔའ་དང་སྙིང་སྟོབས་བདག་ལ་གནོངས།།

བླ་མའི་མཛད་པས་བདག་ཡིད་ཕྲོགས་སོང་པས།། བླ་མའི་མཛད་འཕྲིན་ཕྱོགས་ཙམ་གླེང་བར་བྱ། །

དང་པོ་བྱིས་དུས་ཀྱི་བྱུང་བ་བརྗོད་པ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠  ལོར་ལི་ཐང་དུ་སྐུ་འཁྲུངས། ཆུང་དུས་མཚན་ལ་ཨ་ངག་བཀྲ་ཤིས་ཞུ། ༡༩༥༨་ལོ་ནས་བཟུང་དུས་འགྱུར་ཁྲོད་རྒན་རྟ་མགྲིན་ཚེ་དབང་གི་དྲུང་དུ་གསང་བའི་སྒོ་ནས་སློབ་གཉེར་མཛད། ༡༩༧༩ ལོར་རྒྱལ་བའི་སྐུ་ཚབ་བོད་ལ་ཐོག་མར་ཕེབས་སྐབས་དྲག་ཆས་དམག་གི་བཀག་སྡོམ་ལ་མ་ལྟོས་པར་སྐུ་ཚབ་རྣམ་པའི་མདུན་དུ་བཅར་ནས་བོད་ནང་གི་དཀའ་སྡུག་རྣམས་གསལ་བར་ཞུས། ལོ་དེར་ཁོང་གིས་རྫོང་རིམ་པ་ཁག་གི་མགོ་ཁྲིད་རྣམ་པར་ལི་ཐང་དགོན་པར་ཆོས་དད་རང་དབང་དགོས་པ་དང་། ཉེས་མེད་ཞྭ་མོ་གཡོག་པའི་བོད་མི་རྣམས་དཀར་འདོན་དགོས་པའི་སྙན་ཞུ་ཕུལ་བ་སོགས་ཀྱི་རྐྱེན་པས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པར་མཁྱེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཨ་ལགས་གླིང་ཚང་གི་དྲུང་དུ་སློབ་གཉེར་གནང་ནས་བཞུགས། ༡༩༧༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་སྟེ་བླ་བྲང་དུ་ཕེབས་པའི་སྐབས། ཁོང་པཎ་ཆེན་རིན་པོ་ཆེའི་མདུན་དུ་བཅར་ནས། བོད་ཀྱི་དགོན་སྡེ་མང་པོ་ཕྱིའི་རྣམ་པ་ཙམ་ཆོས་སྒོ་ཕྱེས་ཡོད་ཀྱང་།  ལི་ཐང་དགོན་པ་ད་དུང་ཕྱིའི་རྣམ་པ་ཙམ་དུ་ཡང་ཆོས་སྒོ་ཕྱེས་མེད་པས། ཀུན་གཟིགས་རིན་པོ་ཆེ་ཡུལ་དེར་ཆེད་ཕེབས་གནང་རྒྱུའི་རེ་སྐུལ་ཞུས། 

གཉིས་པ་འཕགས་ཡུལ་དུ་ཕེབས་པ། 

༡༩༨༢  ལོར་སློབ་སྦྱོང་གི་ཆེད་འབྲུག་ཡུལ་བརྒྱུད་ནས་རྒྱ་གར་དུ་ཕེབས་ཏེ་ ༸ གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བ་མ་ཟད།  རྒྱལ་བའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་༸གོང་ས་མཆོག་གིས་ཁོང་འབྲས་སྤུངས་དགོན་པར་སློབ་གཉེར་དུ་བཏང་བས། འབྲས་སྤུངས་མཁན་རིན་པོ་ཆེ་རྒན་ཡོན་ཏན་དམ་ཆོས་སོགས་དགེ་བའི་བཤེས་གཉེན་དུ་མར་བརྟེན་ནས་གཞུང་ཆེན་ཁག་གི་གཙོས། རིག་པའི་གནས་ལ་བརྩོན་པ་ཆེན་པོ་གནང་བས་ཀུན་གྱིས་བསྔགས་ཡུལ་དུ་གྱུར། ༡༩༨༣ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་ངོས་འཛིན་གྱི་ཕྱག་རྟགས་གནང་ནས་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ། 

  གསུམ་པ། རང་ཡུལ་ཁ་བ་ཅན་ལ་སླར་ཡང་ཞབས་སོར་འཁོད་པ། 

༡༩༨༧དམིགས་ཡུལ་དང་དགོས་པ་དུ་མའི་སླད་དུ་ཕྱིར་ཕ་ཡུལ་དུ་ཕེབས། ལོ་དེའི་ལི་ཐང་དགོན་པའི་སྨོན་ལམ་དམ་འཇོག་གནང་ཏེ་མཚན་སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་ཏུ་ཁྱབ་པར་མཛད། ༡༩༨༨ལོར་བཀྲ་ཤིས་ཐང་དཀར་མ་ལ་ཕེབས་ནས་ཡོངས་འཛིན་ངག་དབང་མཆོག་ལྡན་གྱིས་ཕྱག་བཏབ་པའི་བཀྲ་ཤིས་དར་རྒྱས་གླིང་སྐྱར་གསོོའི་ཕྱག་ལས་ལ་ཞུགས་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གིས་དགོན་པ་བསྐྱར་གསོ་མི་ཆོག་པའི་བཀག་འགོག་བྱས་པར་རྟེན། པཎ་ཆེན་སྐུ་གོང་མ་རྒྱ་ནག་ཏུ་བཞུགས་ཡོད་པས་ཁོང་གི་སར་བཅར་ནས་དགོན་པ་གསར་བཞེང་ལ་རྒྱབ་སྐྱོར་དང་ཐུགས་སྨོན་གནང་དགོས་པའི་རེ་སྐུལ་ཞུས་པས། པཎ་ཆེན་རིན་པོ་ཆེ་ནས་བཀའ་སློབ་ལམ་སྟོན་དང་། རྒྱབ་སྐྱོར་བཀའ་ཁྲོལ་གནང་བ་མ་ཟད། དགོན་པའི་མཚན་ལ་ཁམས་ན་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ཞེས་གསོལ། དེ་ནས་དགོན་པ་དེར་མཚན་ཉིད་རིག་པའི་སློབ་གཞི་གསར་འཛུགས་དང་། སྨན་པ་གྲྭ་ཚང་ཟུར་དུ་བཙུགས་པ་མ་ཟད། འཇམ་དབྱངས་ཆོས་འཁོར་གླིང་། བཙུན་དགོན་བདེ་ཆེན་ཆོས་གླིང་། ཚོ་བཅུའི་དགའ་ལྡན་གླིང་། མགོ་ལོག་རྣམ་གྲོལ་གླིང་། མགོ་ལོག་བཀྲ་ཤིས་འཁྱིལ་གླིང་། དེ་ཚ་རྣམ་རྒྱལ་གླིང་། ཚེ་མགོན་བཤད་སྒྲུབ་དར་རྒྱས་གླིང་། གསུང་ཆོས་རྭ་བ་བཅས་ཕྱག་བཏབ། 

  བཞི་པ་ལི་ཐང་དགོན་ཆེན་སོགས་སུ་དོལ་རྒྱལ་བཀག་འགོག་གནང་བའི་རིམ་པ།

རིན་པོ་ཆེ་བོད་དུ་ཕེབས་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་བཀའ་སློབ་གནང་བའི་སྒྲ་ཐག་དང་ཕྱག་དེབ་བཅས་མཉམ་དུ་བསྣམས་ཕེབས་ཡོད་པ་དང་། ཕ་ཡུལ་གྱི་མི་རྣམས་ལས་མ་དག་པ་མ་ཡིན་ཀྱང་ཡུལ་དང་ཁོར་ཡུག་གི་དབང་གིས་རྒྱལ་བའི་བཀའ་སློབ་ཇི་བཞིན་གོ་མི་ཐུབ་པ་ཡང་ཧ་ཅང་མང་པོ་ཞིག་ཡོད་པས་ཁོང་གིས་བཀའ་སློབ་དེ་དག་ཡིག་ཐོག་ལ་ཕབ་ནས་མི་མང་ལ་རྒྱལ་བའི་དགོངས་གཞི་ངོ་མ་གང་ཡིན་གསལ་བཤད་མ་གོ་མ་ཐོས་མེད་པར་གནང་བ་རེད། འོན་ཀྱང་ལི་ཐང་དགོན་པ་ནི་དགོན་ལག་བརྒྱ་དང་བཅུ་གསུམ་གྱི་མ་དགོན་ཡིན་པས་དེར་བླ་ཆེན་དབང་ཤུགས་ཅན་འགན་ཁུར་བ་སོགས་གྲངས་ལས་འདས་པ་ཞིག་ཡོད་པས་གནད་དོན་དེའི་ཐད་རིན་པོ་ཆེ་ལ་དཀའ་ངལ་ཧ་ཅང་མང་པོ་ཞིག་ཕྲད་ཡོད། ལར་ནས་རིན་པོ་ཆེས་གང་གསུངས་པ་དེ་རྒྱལ་བའི་དགོངས་གཞི་ངོ་མ་ཞིག་ཡིན་མིན་དོགས་པ་ཟས་པ་དང་། ལྟ་བ་མཁྲེགས་འཛིན་བྱེད་མཁན་མི་ཉུང་བ་བྱུང་ཡོད་པ་ནི། ལོ་འགའི་སྔོན་དང་ད་ལྟ་བོད་པའི་སྤྱི་ཚོགས་ནང་དུ་རྙོག་གླེང་ཟད་རྒྱུ་མེད་པ་ཞིག་བྱུང་དང་འབྱུང་བཞིན་པ་འདིས་ང་ཚོ་ལ་ར་སྤྲོད་གསལ་བོ་བྱེད་ཐུབ་པ་འདི་རེད། ཞི་དྲག་གཉིས་ཀའི་ཐོག་ནས་སྐུ་ངལ་རིམ་པ་མང་པོ་མཛད་མཐར། སྤྱིར་དེའི་གོང་དུ་ལི་ཐང་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཤུགས་ཆེན་ཡོད་ཀྱང་། སེར་སྐྱ་མང་ཚོགས་ཀྱིས་རིན་པོ་ཆེས་བཀའ་གནང་བ་ལྟར་སྐབས་དེ་དུས་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གཙང་མ་བྱེད་མཁན་མང་པོ་མང་པོ་བྱུང་ཡོད། འོན་ཀྱང་། ཐོབ་དང་གོ་ས་མཐོ་བ། རྒྱུ་དང་དབང་ཤུགས་ཆེ་བའི་བླ་ཆེན་མི་ཆེན་འགས་ད་དུང་ཡང་མཚམས་འཇོག་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཁོང་གིས་མཐའ་མའི་བཀའ་སློབ་འདི་འདྲ་ཞིག་གནང་ཡོད་པ་རེད། ལི་ཐང་དགོན་པ་འདི་ནི་ང་ཆུང་བྱིས་པའི་དུས་ནས་རབ་ཏུ་བྱུང་སའི་གདན་ས་རྩ་ཆེན་ཞིག་ཡིན་པས་ནམ་ཡང་སྐྱབས་ཡུལ་ཞིག་ཡིན་པ་ལས་གཏན་ནས་ཁ་བྲལ་ཐབས་ཡོད་པ་མ་རེད་དེ། ནམ་ཞིག་དགོན་པ་འདི་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་ནས་གཙང་མ་ཞིག་མ་ཆགས་བར་ང་དགོན་པ་འདིར་སྡོད་ཀྱི་མིན། ཡིན་ན་ཡང་། དོལ་རྒྱལ་མཚམས་འཇོག་གཙང་མ་ཞིག་བྱས་པའི་ཉིན་མོར་ངས་དགོན་པའི་ལྕགས་རིའི་མཐའ་ནས་ཕྱག་གསུམ་འཚལ་ནས་སྔར་བཞིན་ཆུ་དང་འོ་མ་འདྲེས་པ་ལྟར་སླར་ཡང་འདིར་ཞུགས་ཆོག།། ཅེས་བཀའ་གནང་། མདོར་ན་ང་ཚོས་དྲང་བདེན་གྱི་མིག་ཟུང་ལེགས་པར་ཕྱེ་ནས་ཕྱི་མིག་རེ་བལྟས་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ ༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱེད་མི་རུང་བའི་བཀའ་སློབ་ལམ་སྟོན་གནང་བ་ནས་བཟུང་། བོད་ནང་དོལ་རྒྱལ་བསྟེན་གསོལ་དེ་བཀག་འགོག་དངོས་སུ་གནང་མཁན་ཆེས་ཐོག་མ་དེ་ཆགས་ཡོད།

ལྔ་པ་སྤྱི་ཚོགས་ཞབས་ཞུའི་སྐོར། 

༡༩༩༡ ལོར་དྭ་ཕྲུག་༡༦༠ ལྷག་ཡོད་པའི་བུ་གསོ་ཁང་ཞིག་བཙུག་ནས་སྐུ་ཉིད་ཕྱག་ལས་ལ་དངོས་སུ་ཞུགས་པ་མ་ཟད། འགྲོ་སོང་ཡོངས་རྫོགས་སྐུ་ཉིན་ནས་བཏང་། ༡༩༩༨ ལོར་སློབ་མ་ ༣༥༠ ལྷག་ཡོད་པའི་སློབ་གྲྭ་ཞིག་བཙུག་ནས་གཙོ་བོ་བོད་ཡིག་དང་། རྒྱ་ཡིག རྩིས་རིག་དང་། སྨན་བཅས་བསླབས་ཡོད།  སློབ་གྲྭའི་ཉེ་འགྲམ་དུ་རྒས་གསོ་ཁང་ཞིག་དང་། སྨན་ཁང་ཞིག་བཙུག་གནང་བ་མ་ཟད། རྒན་ཁོག་ཚོས། ན་གཞོན་རྣམས་ལ་གནའ་བོའི་སྒྲུང་དང་ལོ་རྒྱུས་སོགས་ངག་ཐོག་ནས་བཤད་དགོས་པ་དང་། སློབ་ཕྲུག་ཚོས་གུང་སེང་སྐབས་རྒན་ཁོག་རྣམས་ལ་ཞབས་ཞུ་ཞུ་དགོས་པའི་བཀའ་སློབ་གནང་། ས་ཆ་དེ་ནི་རྒན་པས་གཞོན་པ་ལ་བྱམས་སྐྱོང་དང་། གཞོན་པས་རྒན་པ་ལ་གུས་ཞབས་ཡོད་སའི་བོད་མི་རིགས་ཀྱི་ཁོར་ཡུག་ངོ་མ་ཞིག་ཏུ་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྱེད་རྒྱ་གར་ནས་ཚུར་ཡོང་མཁན་ཞིག་ཡིན་པས། སྒེར་གཉེར་སློབ་གྲྭ་བཙུག་མི་ཆོག  སློབ་གྲྭ་གཞུང་ལ་རྩིས་སྤྲོད་བྱས་ན། ང་ཚོས་འཛིན་སྐྱོང་བྱེད་ཆོག་ཅེས་བཤད་ནས་སློབ་གྲྭ་གཞུང་བཞེས་བཏང་། དེ་ནས་ཟླ་འགའི་རྗེས། སློབ་ཕྲུག་རྣམས་ལ་སློབ་ཁྲིད་དང་། ཟ་མ་གང་ཅིའི་ཐད་ཚད་ལྡན་མ་སྤྲད་པ་མ་ཟད། ཉིན་ལྟར་སྐད་ཆ་གང་བྱུང་དྲིས་ནས་། སློབ་མ་རྣམས་སྡོད་མ་བཟོད་པར་འགའ་རེ་རང་ཁྱིམ་དུ་ལོག ཕ་མེད་མ་མེད་འགའ་རེ་ནགས་ཁྲོད་དུ་ཉིན་ཞག་མང་པོར་ཉལ་དགོས་བྱུང་བ་སོགས་ཡིད་སྐྱོ་བའི་གནས་ཚུལ་ཡང་མང་པོ་བྱུང་། སློབ་མ་འགའ་ཤས་ཤིང་ནགས་ནང་དུ་བྲོས་འགྲོ་བའི་སྐབས་སློབ་མ་ཞིག་ངུ་ཞོར་བྲིས་པའི་སྐད་ཆ་འདི་ད་དུང་ངས་དྲན་གིན། 

སློབ་གྲྭ་མེ་ཏོག་ལྡུམ་ར། ། སློབ་ཕྲུག་མེ་ཏོག་སེར་ཆེན།། གློ་བུར་སེར་བས་བཅོམ་སོང་།། མིག་ཆུ་རྫོགས་མཐའ་མི་འདུག།།                       

 དྲུག་པ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར། 

༡༩༩༣ ལོར་རྒྱ་ནག་གཞུང་གིས་ཤིང་ནགས་གཅོད་པ་དང་གཏེར་ཁ་བསྔོག་པ་སོགས་ཁོར་ཡུག་ལ་གནོད་པའི་ལས་རིགས་མང་པོ་ཞིག་རྩོམ་པའི་སྐབས་རིན་པོ་ཆེས་ཁོར་ཡུག་ལ་གནོད་འཚེ་བྱས་པ་དེས་ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་གཏོར་སྐྱོན་འགྲོ་བ་ཙམ་མ་ཟད། མི་དང་དུད་འགྲོ། སྲོག་ཆགས་རྣམས་ལའང་ནད་རིགས་འདྲ་མིན་ཡོང་བ་དང་། ཡུལ་མིའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བས་དེ་ལྟར་མ་བྱས་ན་བཟང་བའི་དགོངས་ཚུལ་ས་གནས་གཞུང་ལ་སྙན་ཞུ་ཡང་ཡང་ཕུལ་བས་དེའི་རིགས་མང་པོ་ཞིག་བཀག་ཐུབ་ཡོད། རི་དྭགས་རྔོན་མཁན་ཚོ་ལ་ཡང་། ནུས་མེད་དུད་འགྲོ་རྣམས་ཀྱི་ཚེ་སྲོག་འཕྲོག་ན་འདི་ཕྱི་གཉིས་ལ་བདེ་སྐྱིད་མི་ཡོང་ཞིང་། རྩ་ཆེའི་སྲོག་ཆགས་འདི་དག་ང་ཚོས་ངེས་པར་འཚོ་སྐྱོང་བྱེད་དགོས་པའི་བཀའ་སློབ་ཐེངས་མང་གནང་ཞིང་། གལ་ཏེ་ཁྱེད་ཚོས་ལྟོ་གོས་མ་རག་ན་ང་ལ་གང་ཡོད་པ་དེ་ང་ཚོ་ཚང་མས་མཉམ་སྤྱོད་བྱེད་ཆོག་ཅེས་གསུངས་ཏེ་བླང་དོར་མི་ཤེས་པའི་རྔོན་པ་ཚོའི་མིག་ནང་ནས་མཆི་མ་རང་དབང་མེད་པར་ཤོར་དགོས་པ་ཡང་གནང་ཡོད། 

བདུན་པ་རྒྱལ་ཁབ་ཅིག་གི་དྲི་བ་དང་། དགེ་སློང་ཞིག་གི་གསུང་ལན། 

༡༩༩༦ ལོར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ལ་ངོས་ལེན་བྱེད་དགོས་པ་ལས། ཏཱ་ལའི་བླ་མས་ངོས་འཛིན་བྱས་པ་དེ་ལ་ངོས་ལེན་བྱེད་མི་ཆོག  ཏཱ་ལའི་བླ་མའི་སྐུ་པར་འཇོག་མི་ཆོག་པ་མ་ཟད། ཏཱ་ལའི་བླ་མ་ལ་ངོ་རྒོལ་བྱེད་དགོས། ཁྱེད་ལ་དེའི་ཐད་བསམ་ཚུལ་ཅི་ཡོད་ཅེས་རིན་པོ་ཆེ་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས་གསུངས་དོན།  རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་པ་དེ་ལ་ང་ཡིད་ཆེས་ཡོད་ལ། བོད་མི་མང་གིས་ཀྱང་དེ་ལ་མོས་མཐུན་བྱེད་ཀྱི་རེད། དེ་མིན་རྒྱ་ནག་གིས་ངོས་འཛིན་བྱས་པ་དེའི་སྐོར་ང་ལ་རྒྱུས་མེད། སྤྱིར་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཞག་ནས་ང་དད་པ་ཆེ་རུ་འགྲོ་ཡ་དང་། མ་བཞག་ན་དད་པ་ཆུང་དུ་འགྲོ་བ་དེ་འདྲ་མིན་ན་ཡང་། ང་ནི་དགེ་སློང་དཀྱུས་མ་ཞིག་ཡིན་པ་མ་ཟད། ངས་རྒྱལ་བ་རིན་པོ་ཆེའི་མདུན་ནས་གསུང་ཆོས་མང་པོ་ཞུ་མྱོང་བས། ཁོང་ནི་ངའི་རྩ་བའི་བླ་མ་ཡིན། སྲོག་ལ་ཐུག་ཀྱང་ཁོང་ལ་ངོ་རྒོལ་ནམ་ཡང་བྱེད་མི་ཐུབ། ཅེས་བཀའ་ལན་གནང་། ༡༩༩༧ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔོན་རིགས་ཁག་གིས་ཚོགས་འདུ་ཞིག་འཚོགས་ནས། ཨ་ངག་བཀྲ་ཤིས་སྤྲུ་སྐུ་ཡིན་པར་ངོས་ལེན་མེད་པ། སྤྲུལ་སྐུའི་མིང་ཐོག་ནས་བྱེད་སྒོ་སྤེལ་མི་ཆོག་པ། དགོན་པ་གཞན་གྱི་བྱེད་སྒོར་ཞུགས་མི་ཆོག་པ། རང་དགོན་རྒྱ་བསྐྱེད་གཏོང་མི་ཆོག་པ། ཉག་ཆུ་རྫོང་གི་ཆབ་སྲིད་གྲོས་མོལ་འཐུས་མའི་གོ་གནས་མེད་པ་བཟོ་རྒྱུ་སོགས་མི་ཆོག་པ་དང་མེད་པ་མང་པོ་ཅན་གྱི་གྲོས་ཆོད་ཡིག་ཆ་ཞིག་རྫོང་ཁག་རིམ་པ་མང་པོར་བཀྲམ།  མ་ཟད། ཁོང་ལ་དེའི་སྐོར་དྲི་བ་དྲིས་ལན་བྱས་སྐབས། ཁོང་གིས་གསུང་ལན་འདི་ལྟར་གནང་། ང་ལ་བླ་མའི་གོ་ས་མེད་ཀྱང་ཆོག འཐུས་མའི་ཐོབ་ཐང་མེད་ཀྱང་རུང་། འོན་ཀྱང་འགྲོ་བ་མི་ཞིག་ཡིན་པའི་དབང་ཆ་དེ་ང་ལ་ངེས་པར་དགོས། ཞེས་བཀའ་ལན་གནང་། སྐབས་རེ་རྒྱ་ནག་གིས་ཁོང་ལ་ཁྱེད་རང་སྐྱེས་ནས་ད་ལྟ་བར་ཉི་མ་རེ་རེ་ལ་ལས་ཀ་ག་རེ་བྱས་ཡོད་མེད་སྐོར་བཤད་དགོས་ཟེར་བ་སོགས་སྐད་ཆ་འདྲ་མིན་དྲིས་ཏེ། ༡༩༩༧ ནས་བཟུང་ ༢༠༠༢ བར་རིན་པོ་ཆེ་ཐེངས་མང་འཛིན་བཟུང་བྱ་རྒྱུའི་འཆར་གཞི་མང་པོ་བསྒྲིགས་ཡོད་ལ། རིན་པོ་ཆེ་ཐེངས་གཉིས་དབེན་པའི་ནགས་ཁྲོད་དུ་ཕེབས་ནས་བཞུགས་དགོས་བྱུང་ཡོད། ཉག་ཆུ་རྫོང་བརྒལ་ནས་ཕེབས་དགོས་ཚེ་ཉེན་རྟོགས་པ་ལ་དགོངས་པ་ཞུ་དགོས་པ་ལོ་མང་རིང་ཁོང་བཟང་བཙོན་ལྟ་བུ་བཞུགས། རིན་པོ་ཆེའི་གསུང་འཕྲིན་ཞིག་ཏུ།  རྒྱ་གཞུང་གིས་ང་ལ་དུས་རྒྱུན་དུ། ངས་ཁ་ནས་བཤད་ཚད་སྐྱོན་པ་རེད་ཟེར། ངས་དོལ་རྒྱལ་གསོ་བར་དགག་བྱ་ཡོད་པར་བཤད་པ་དེ་ཡང་སྐྱོན་ཆེན་པོ་ཞིག་རེད་ཟེར། ངས་རྒྱུན་དུ་རྒྱ་ནག་ནས་ཡོང་བའི་ལྷམ་འཚེམ་མཁན་ཚོས་ཀྱང་གསར་ཤོག་ཀློག་ཐུབ། བོད་ས་ཁུལ་ལ་ཤེས་ཡོན་མེད། འཚོ་བ་ཡར་རྒྱས་མེད། རྫོང་གི་ལས་བྱེད་ཚོའི་ནང་ལ་ཡང་རང་གི་མིང་འབྲི་མི་ཤེས་མཁན་མང་པོ་ཡོད། ང་ཚོའི་ས་ཁུལ་ལ་ཤེས་ཡོན་ཡར་རྒྱས་དང་དཔལ་འབྱོར་འཛུག་བསྐྲུན་དགོས་ཞེས་ཤོད་བཞིན་པ་དེ་ཡང་སྐྱོན་པ་རེད་ཟེར།  དེ་འདྲ་ཡིན་དུས། ང་ལ་སྐྱོན་ཡོད་ན་ཕྱི་གསལ་ནང་གསལ་བྱས་ཏེ་ཚང་མས་ཤེས་བཅུག་རོགས་ང་ཡང་བློ་བདེ། དེ་མིན་ནམ་ཉི་མ་ཞིག་ལ་ང་སུ་གང་གིས་མི་མཐོང་ས་ནས་བཙོན་ཁང་ལ་འགྲོ་འདོད་མེད་ལ། འགྲོ་དགོས་དོན་ཡང་མེད། ཅེས་གསུངས་འདུག །

བརྒྱད་པ་མ་ཉེས་ཁ་གཡོག་གིས་བཙོན་འཇུག་ཇི་ལྟར་བྱས་པ་དང་། བཙོན་ཁང་ནང་ནས་སྙིང་སྟོབས་ཆེན་པོས་ངོ་རྒོལ་གནང་བའི་རིམ་པ། 

༢༠༠༢   ལོའི་ཟླ་༤ ཚེས་ ༣ ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་ ༡༠ ཐོག་ཁྲིན་ཏུའུ་གྲོང་ཁྱེར་དུ་འབར་གས་བཞག་པའི་དོན་རྐྱེན་ཞིག་བྱུང་། ཆུ་ཚོད་བཅུའི་རྗེས། བློ་བཟང་དོན་འགྲུབ་ཟེར་བའི་ཕོ་གསར་ཞིག་འཛིན་བཟུང་བྱས་ཏེ་ཁོང་ནི་འབར་གས་དེའི་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྒྲགས། ༢༠༠༢ ཟླ ༤ ཚེས་༧ ཉིན་གྱི་མཚན་ཆུ་ཚོད་༡༢ ཐོག་ཞིང་ཆེན་དང་རྫོང་སྲིད་གཞུང་གི་དམག་མིས་རིན་པོ་ཆེའི་བཞུགས་ཤག་མཐའ་སྐོར་ཏེ་མེ་མདའི་འཇིགས་སྐུལ་འོག་ནས་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་བཙན་དབང་གིས་བཙོན་ཁང་དུ་ཁྲིད། བཙོན་ཁང་ནང་ནས་ཉིན་མང་པོའི་རིང་རིན་པོ་ཆེས་ཟས་བཅད་ངོ་རྒོལ་གནང་ནས་བཞུགས། ༢༠༠༢ ཟླ་༡༡ ཚེས་ ༢ ཉིན་དཀར་མཛེས་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བ་དེའི་ནང་རིན་པོ་ཆེ་དང་བློ་བཟད་དོན་འགྲུབ་རྣམ་གཉིས་སྲོག་ཁྲིམས་གཅད་རྒྱུའི་ཚོགས་འདུ་ཞིག་འཚོགས་ནས། ཞིང་ཆེན་མཐོ་རིམ་མི་སྣ་དང་། དཀར་མཛེས་ཁུལ་མཐོ་རིམ་མི་སྣ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྫོང་ཁག་༡༨ ཀྱི་མཐོ་རིམ་མི་སྣ། ཉེན་རྟོགས་མི་སྣ་བཅས་ཆེད་འགུག་བྱས་ཏེ། ཚོགས་ཐོག་ཏུ་རིན་པོ་ཆེ་དང་བློ་བཟང་དོན་འགྲུབ་རྣམ་གཉིས་ཁྲིམས་གཅོད་སྟེགས་བུའི་ཐོག་བསླངས་ནས།  དེ་སྔོན་དར་རྩེ་མདོ་དང་། དམར་ཕྱོགས་ལས་ཁུངས་ཀྱི་སྒོ་ཆེན། དཀར་མཛེས་ཉེན་རྟོགས་རུ་ཁག་གི་སྒོ་ཆེན། ཁྲིན་ཏུའུ་གྲོང་ཁྱེར་ནང་བཅས་ལ་འབར་གས་ཀྱི་དོན་རྐྱེན་བྱུང་བའི་ནག་ཉེས་ཡོངས་རྫོགས་བློ་བཟང་དོན་འགྲུབ་དང་། བསྟན་འཛིན་བདེ་ལེགས་གཉིས་ལ་བཀལ་ཏེ། བློ་བཟང་དོན་འགྲུབ་ཟླ་གཉིས་ཀྱི་རྗེས་སུ་སྲོག་ཐོག་དང་། བསྟན་འཛིན་བདེ་ལེགས་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གཏང་རྒྱུ་ཡིན་པར་སྒྲོག་བཞིན་པའི་སྐབས། རིན་པོ་ཆེས་ང་འབར་གས་བྱུང་རྐྱེན་ལ་འབྲེལ་བ་གཏན་ནས་མེད་པ་མ་ཟད། སེམས་ལ་དྲན་ཡང་མ་མྱོང་། གལ་ཏེ་ང་ལ་ནག་ཉེས་ཡོད་ཚེ། ད་ལྟ་རང་བསད་ན་ཆོག་ལོ་གཉིས་ཕྱིར་འཐེན་མི་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་གནང་བས། དེ་མ་ཐག་ཉེན་རྟོགས་པས་ཁོང་གི་ཞལ་རས་བཀབ་ནས་བཙོན་ཁང་དུ་ཁྲིད་སོང་བ་རེད། 

དགུ་པ་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་ཁྱབ་པ། 

ཕྱིར་སྡོད་བོད་མི་རྣམ་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག རྒྱ་རིགས་རྩོམ་པ་སོགས་ཀྱིས་རིན་པོ་ཆེ་ལ། ཁ་བཤད་ཙམ་མ་ཡིན་པར་དོན་དམ་པའི་ལས་འགུལ་འདྲ་མིན་སྤེལ་ནས། རིན་པོ་ཆེ་ལ་རྒྱབ་སྐྱོར་གནང་བ་དང་། རིན་པོ་སྐུ་ཉིད་ཀྱི་མཛད་པ་དེ་དག་ནི་སྤྱི་ཚོགས་ནང་ནད་ཐོག་ལ་སྨན་ལྟ་བུ་ཞིག་ཡིན་པ། བོད་ནང་དུ་བཞུགས་པའི་སྤུན་ཟླ་རྣམ་པས་བློ་སྟོབས་ཆེན་པོས་མེ་མདའི་ཁ་འོག་ཏུ་རང་ཚུགས་མ་ཤོར་བར་ལངས་ཐུབ་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས། རྒྱ་ནག་དམར་པོའི་གཞུང་གིས་དྲང་བདེན་མ་ཡིན་པའི་སྲོག་ཁྲིམས་དེ་རིན་པོ་ཆེ་ལ་བཀལ་ཐབས་བྲལ་ཡོད། མདོར་ན་རིན་པོ་ཆེ་སྲོག་ཁྲིམས་ལས་ཐར་ཡོད་པ་འདི་ཡང་ཁྱེད་ཅག་གི་རླབས་ཆེན་གྱི་ལས་འགུལ་སྤེལ་བའིའབྲས་བུ་ཡིན། འོན་ཀྱང་རིན་པོ་ཆེ་ད་ལྟ་དགུང་ལོ་མཐོ་པོ་ཡིན་པ་མ་ཟད། ཡུན་རིང་བཙོན་ཁང་ནང་ནས་ཉེས་མེད་གནར་གཅོད་མྱངས་དང་མྱོང་བཞིན་ཡོད་པས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཏུ་གྱུར་ཡོད་ཕྱིར། འགྲོ་བ་མིའི་སྤྱི་སྲོལ་དང་མཐུན་པར་ཁོང་སྨན་ཁང་ཡག་པོ་ཞིག་ཏུ་སྨན་བཅོས་བྱེད་པར་ཕེབས་ཐུབ་ཐབས་སུ། དྲང་བདེན་བློ་མིག་གསལ་བ། དད་དམ་འགྱུར་བ་མེད་པ། མི་རིགས་ལ་དུང་བ་ཟབ་པའི་ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་དེའི་ཐད་ད་དུང་རྒྱབ་སྐྱོར་གང་ཐུབ་གནང་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་རེ་བ་ཞུ་བཞིན་ཡོད། གལ་ཏེ་ཁོང་བཙོན་ཁང་ནས་སྐུ་ཚེ་མ་ཟིན་པ་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ། མཇུག་འབྲས་ངན་པ་རྣམས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་རེ་རེ་ནས་འགན་ཁུར་ལེན་དགོས། རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་འདི་ནི་ང་རང་གིས་དངོས་སུ་མཐོང་བ་དང་། རིན་པོ་ཆེའི་ཞལ་ནས་དངོས་སུ་ཐོས་པ་རྣམས་ཐད་ཀར་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན། ཁོང་སྐུ་ན་གཞོན་པའི་དུས་ཀྱི་མཛད་པ་རྣམས། མི་རྒན་འགའ་རེ་ལ་ཡང་སྐད་ཆ་དྲིས་པ་མ་ཟད། ལོ་དུས་དང་ཟླ་ཚེས་འགའ་ཤས། འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༠༧ ལོར་བཏོན་པའི་རིན་པོ་ཆེའི་མཛད་རྣམ་ནང་གསལ་བ་ལྟར་ཡིན།  

གང་གི་མཛད་པ་མཁའ་ལྟར་དཔོག་དཀའ་བ།། བདག་གི་བྱིས་བློའི་ཡུལ་དུ་མ་ཤོང་ཡང་།། 

གང་ལ་དད་པའི་དུང་བ་ཟབ་མོ་ཡིས།། འདི་ལྟར་འབྲི་བའི་གནང་བ་ཐོབ་པའོ།།

དུས་ཚོད་ཐུང་ཐུང་ཞིག་གི་ནང་། གྲོགས་མང་པོས་སྐུལ་མ་བྱས་པ་དང་། རང་འགན་རང་འཁུར་གྱི་འདུན་པས་བྲིས་ཀྱང་། གང་གི་མཛད་པ་ཟབ་ཅིང་རྒྱ་ཆེ་བས་དེ་ཙམ་ལས་མ་ཕྲིས་པར་ཀློག་པ་པོ་དག་ལ་བཟོད་གསོལ་ཞུ་རྒྱུ་དང་། རྗེས་ཕྱོགས་ཁོང་གི་མཛད་རྣམ་རྒྱས་པ་ཞིག་ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། ། 

སྐལ་བཟང་བཀྲ་ཤིས་ཀྱིས་༢༠༡༤ ཕྱི་ཟླ་༤ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་ནས་བྲིས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།