༄༅། །ཟུར་མང་གར་དབང་སྐུ་ཕྲེང་བཅུ་གཉིས་པ་ཆོས་སྐྱོང་བསྟན་པ་རྣམ་རྒྱལ་མཆོག་གིས་ས་གནས་ལུ་རྫན་དུ་ནང་ཆོས་ངོ་སྤྲོད་གནང་ཡོད་པ།

ཟླ་འདིའི་ཚེས་ ༡༧  ཉིན་ལུ་རྫན་(Luzern)ཚོགས་ཆུང་གོ་སྒྲིག་འོག་མཁས་པའི་དབང་བོ་ཟུར་མང་གར་དབང་སྐུ་ཕྲེང་བཅུ་གཉིས་པ་ཆོས་སྐྱོང་བསྟན་པ་རྣམ་རྒྱལ་མཆོག་གིས་ས་གནས་ལུ་རྫན་དུ་ནང་ཆོས་ངོ་སྤྲོད་གནང་སོང་། ཁོང་གིས་སྐྱབས་འགྲོའི་སྐོར་དང་། བློ་ལྡོག་རྣམ་བཞི་སྟེ། དལ་འབྱོར་རྙེད་དཀའ་བ་དང་ཚེ་མི་རྟག་པ། ལས་འབྲས་དང་འཁོར་བའི་ཉེས་དམིགས་བཅས་རེ་རེ་བྱས་ཏེ་ངོ་སྤྲོད་དང་འགྲེལ་བཤད་ཟབ་མོ་བསྐྱངས་སོང་བ་མ་ཟད་དྲི་བ་དྲིས་ལན་ནང་སྒོམ་གྱི་ཕན་ཡོན་དང་སྒོམ་རྒྱག་སྟངས་ཀྱི་སྐོར་ཡང་མདོར་བསྡུས་ཙམ་གསུངས་སོང་། མཁས་པའི་དབང་བོ་ཟུར་མང་གར་དབང་སྐུ་ཕྲེང་བཅུ་གཉིས་པ་ཆོས་སྐྱོང་བསྟན་པ་རྣམ་རྒྱལ་མཆོག་ནི་སྤྱི་ལོ་ ༡༩༧༥ ལོར་འབྲས་ལྗོངས་རྒྱལ་པོའི་གདུང་རིགས་སུ་སྐུ་བལྟམས་པ་དང་། སྐུ་མ་འཁྲུངས་སྔོན་ནས་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་སྒྲུབ་མེད་རྡོ་རྗེའི་ལུང་གིས་ཡོངས་སུ་བཟུང་སྟེ། རྒྱ་གར་གྲུབ་ཆེན་ཏེ་ལོ་པའི་རྣམ་འཕྲུལ་དྲུང་དུ་རྨ་སེ་བློ་གྲོས་རིན་ཆེན་གྱི་སྐུ་ཕྲེང་བཅུ་གཉིས་པར་ངོས་འཛིན་གནང་སྟེ་གདན་ས་རུམ་བཏེག་ཀརྨ་ཆོས་སྒར་དུ་གསེར་ཁྲིར་མངའ་གསོལ་དང་ཁྲི་སྟོན་མཛད། རྗེ་དེ་ཉིད་ཀྱིས་གཙོས་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་གཙུག་ཏུ་བསྟེན་ཏེ་སོར་བྱང་སྔགས་གསུམ་གྱི་སྡོམ་པས་རྒྱུད་ཕྱུག་པར་མཛད་ཅིང་བཤད་སྒྲུབ་ལས་གསུམ་གྱི་བྱ་བས་འཛམ་གླིང་ཤར་ནུབ་གང་སར་ཁྱབ་དང་ཁྱབ་བཞིན་པའི་གནས་ཚུལ་མདོར་བསྡུས། གསར་མགོད་པ་ བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།