༄༅།།སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ།

ཕྱི་ལོ ༢༠༡༣ ལོའི་ཟླ་༥ ཚེས ༡༧ ཉིན་གྱི་ཆུ་ཚོད་བཅུ་བའི་ཐོག་སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་གོ་སྒྲིག་འོག་སུད་སི་ས་གནས་ཨེན་སི་རྡན(Einsiedeln) དུ་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ་ཞེས་པའི་གཟེངས་རྟགས་ཤིག་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབུལ་བཞེས་ཀྱི་མཛད་སྒོ་དགྱེས་པ་ཞིག་འཚོག་ཡོད་འདུག

མཛད་སྒོའི་སྟེང་སུད་སི་དོན་གཅོད་སྐུ་ངོ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་། སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞི་ཚང་བློ་བཟང་། གཞན་སུད་སི་ཆོལ་ཀ་གསུམ་གྱི་ཚོགས་གཙོ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་རྣམ་གྱིས་གཙོས། ཧྥི་རན་སི་དང་། འཇར་མན་བཅས་ནས་ཕེབས་པའི་མདོ་སྨད་མི་སྣ་འགའ་དང་། སུད་སི་གནས་སྡོད་མདོ་སྨད་མི་མང་བརྒྱ་ལྷག་མཉམ་འཛོམས་གནང་ཡོད་ཅིང་། གཞན་ཡུ་རོབ་ནང་བོད་དོན་ཆེད་ལྕགས་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་རིན་པོ་ལགས་ཀྱང་མཛད་སྒོི་འདིའི་སྟེང་གདན་ཞུ་གནང་སྟེ་ཁོང་གི་ལས་འགུལ་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད་འདུག དེ་བཞིན་སྐུ་ངོ་མཆོག་གི་ལོ་རྒྱུས་མདོར་བསྡུས་དེབ་ཆུང་ཞིག་ས་རྒྱུན་ངོས་ནས་དཔར་འགྲེམས་བྱས་ཏེ་སྐུ་མགྲོན་རྣམས་དང་མི་མང་ལ་བཀྲམས་ཡོད་འདུག

སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་གཙོ་འཇལ་དཔལ་བཀྲ་ཤིས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ནང་གསུངས་དོན། སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ་ཞེས་པའི་མཛད་སྒོ་འདི་ནི་སུད་སི་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་ཆེན་ཐེངས་དང་པོ་དང་སྟབས་འབྲེལ་ནས་གཟེངས་རྟགས་མཛད་སྒོ་འདི་ཉིད་འཚོག་གི་ཡོད་ཅིང་། སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཞེས་པ་འདི་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆེས་དཀའ་སྡུག་ཆེ་ཞིང་ཆགས་འཇིག་གཉན་འཕྲེང་གི་གི་བརྒྱུད་རིམ་ཁྲོད་མཛད་རྗེས་རླབས་ཆེན་སྐྱོང་མཁན་བོད་ཀྱི་སྲིད་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ་བ་ལྟར། ཡུ་རོབ་གནས་སྡོད་མདོ་སྨད་ཤེས་ཡོན་པ་དང་རྒན་རབས་པ་མང་པོས་འོས་འདེམས་བརྒྱུད་གཟེངས་རྟགས་འབུལ་ཡུལ་གཏན་ཁེལ་གནང་བ་ཞིག་ཡིན་ཞེས་དང་། གཟེངས་རྟགས་འདི་ཉིད་གཏན་འབེབ་གནང་ཕྱོགས་ཐད་གསུངས་དོན། ཐོག་མར་གོང་བརྗོད་མི་སྣ་རྣམས་ཀྱིས་གཟེངས་རྟགས་འབུལ་ཡུལ་གྱི་ཁོངས་མི་བཞི་མིང་འདོན་བྱས་པའི་ཁྲོད། འོས་ཐོབ་མང་ཤོས་ནི་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་། གཉིས་པ་ཨ་མ་རྗེ་བཙུན་པད་མ། གསུམ་པ་ཞིང་གཤེགས་དམ་པ་ཨ་ལག་འཇིགས་མེད། བཞི་བ་ཀིརྟི་རིན་པོ་ཆེ་མཆོག་བཅས་ཡིན་ཞིང་། འོས་ཤོག་མང་ཤོས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཐོབ་པ་ལྟར། ཐེངས་འདིའི་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་དང་པོ་འདི་བཞིན་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབུལ་བཞེས་གནང་གི་ཡོད། ཅེས་དང་། དེ་ཡང་ཐེངས་འདིའི་གཟེངས་རྟགས་འདི་སྐུའི་གཅེན་པོ་མཆོག་ལ་འབུལ་དགོས་པའི་རྒྱུ་མཚན་ནི། དཀའ་ཉོག་ཆེ་ཞིང་དབྱེ་འདུམ་དཀའ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་སྐུ་ངོ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ་མཛད་རྗེས་རླབས་ཆེན་བསྐྱངས་པ་མི་མང་གིས་ངོས་འཛིན་དང་མ་འོངས་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་མཛད་རྗེས་གནས་ཐུབ་པའི་ཆེད་དུ་ཡིན། ཞེས་སོགས་གསུངས་སོང་། 

སྤྱིར་མཛད་སྒོའི་ཐོག་སྐུའི་གཅེན་པོ་མཆོག་གདན་ཞུའི་སྙན་འབུལ་ཞུས་ཟིན་ཀྱང་། ད་ལྟའི་སྐུ་ངོ་མཆོག་གི་དགུང་གྲངས་ཀྱི་བབ་དང་། ལྷག་དོན་གཟུགས་གཞི་བདེ་ཐང་མིན་པ་བཅས་ཀྱི་དབང་གིས་ཐེངས་འདིའི་མཛད་སྒོའི་ཐོག་དངོས་སུ་ཕེབས་ཐུབ་མེད་སྟབས། ཐེངས་འདིའི་གཟེངས་རྟགས་འདི་ཉིད་སུད་སི་མདོ་སྨད་མི་མང་ཁྲོད་ཀྱི་རྒན་རབས་པ་ཨ་ཁུ་གཅོད་པ་ཐར་ལགས་ཀྱིས་སྐུ་ངོ་མཆོག་གིོ་ཚབ་བྱས་ནས་བཞེས་གནང་ཡོད་འདུག འོན་ཀྱང་སྐུ་ངོ་མཆོག་གིས་མཛད་སྒོར་འདིར་ཆེད་བསྩལ་གནང་བའི་བརྙན་པར་བཀའ་སློབ་ཅིག་གནང་བའི་ནང་གསུངས་དོན། ཐེངས་འདིར་གཟེངས་རྟགས་འབུལ་མཁན་རྣམས་ལ་བཀའ་དྲིན་ཆེ་བརྗོད་དང་། ལྷག་དོན་ཁྱེད་རྣམས་ཀྱིས་བོད་སྤྱི་བའི་ཐོག་ལས་དོན་ཐད་འགན་བླངས་ཏེ་འདི་ལྟའི་གཟེངས་རྟགས་མཛད་སྒོ་ཞིག་གོ་སྒྲིག་གནང་བ་ཧ་ཅང་ཡག་པོ་ཡིན་པ་དང་། ང་ཡང་མཛད་སྒོ་དེར་བཅར་འདོད་ཧ་ཅང་ཆེ་མོད། ངའི་ལོ་ན་དང་གཟུགས་པོའི་གནས་སྟངས་སོགས་ཀྱི་དབང་གིས། དེར་བཅར་མ་ཐུབ་པར་དགོངས་འགལ་མེད་པ་ཞུ། ཞེས་དང་། སྤྱིར་བོད་ཀྱི་དཀའ་ངལ་འདི་ནི་༧གོང་ས་བཅུ་གསུམ་པ་མཆོག་སྐུ་གཤེགས་པའི་རྗེས་སུ་བོད་གཞུང་གི་མཛད་གཙོ་རྣམས་ཀྱིས་རྒྱ་ནག་གི་གནས་སྟངས་མ་མཁྱེན་པ་དང་། རྒྱ་གར་གྱི་གནས་སྟངས་མ་མཁྱེན་པ། རྒྱལ་སྤྱིའི་གནས་སྟངས་མ་མཁྱེན་པ། ཐ་ན་བོད་རང་གི་སྐབས་བབ་གནས་སྟངས་མ་མཁྱེན་པ་བཅས་ཀྱི་དབང་གིས། གཞུང་ཤག་ནང་ཁུལ་བར་འཁྲིག་འཛིང་འཐེན་ཁྱེར་གནང་བ་ལ་བརྟེན་ནས་བྱུང་བ་དང་། ལྷག་དོན་༧གོང་ས་བཅུ་གསུམ་པ་མཆོག་གིས་ཞལ་གདམས་ནང་། ང་ཚོས་བོད་པ་རྣམས་ཀྱིས་ཡག་པོ་མ་བྱས་པ་ཡིན་ན། ནམ་ཞིག་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་ཞིག་ཡོང་ངེས་པའི་བཀའ་སློབ་གནང་བ་ལྟར། སྐབས་ཐོག་དེའི་བོད་པ་ཚོས་གནས་སྐབས་ཀྱི་ཕྱོགས་ཞེན་ཙམ་ལ་མགོ་འཁོར་ཏེ་བསྡད་པས། ང་ཚོའི་མགོ་ཐོག་ལ་ཉིན་མཚན་མ་འཁྱོལ་བའི་དཀའ་ངལ་ཞིག་དངོས་སུ་ཡོང་བ་རེད། ཅེས་དང་། ཐེངས་འདིར་ཁྱེད་རང་ཚོས་ང་ལ་ཆ་བཞག་འདྲ་ཞིག་བྱས་ནས་ངས་ལས་ཀ་རླབས་ཆེན་ཞིག་བྱས་འདུག་ཟེར་ནས་བརྗོད་ཀྱིན་ཡོད་པ་རེད། ཡིན་ནའང་ངས་ཅི་ཡང་འཇོན་ཡོད་པ་མ་རེད། ངས་མི་ཚེ་ཧྲིལ་བོར་ལྷག་བསམ་རྣམ་དག་བྱས་ནས་ལས་ཀ་ཆུང་ཚག་རེ་བྱས་པ་དེ་ངའི་ལས་འགན་རེད། ཁྱད་པར་དུ་ལས་ཀ་བྱེད་མཁན་ང་གཅུག་པུ་མ་རེད། ~ང་ཚོ་ཚང་མས་དཀའ་ལས་མང་པོ་བརྒྱབ་པ་རེད་ལ། དཀའ་ལས་རྒྱག་མཁན་མང་པོ་ཞིག་ནི་ད་ལྟ་གཤེགས་ཚར་བ་རེད། ཡིན་ནའང་ང་ད་དུང་མ་ཤི་བར་བསྡད་ཡོད་པའི་སྐབས་འདིར། ང་ཚོས་སྤྱི་ལོ༡༩༣༦ལོ་ནས་བོད་དོན་ཆེད་སོ་སོས་གང་འཇོན་ལྟར་ལས་ཀ་བྱས་པའི་བརྗེད་ཐོ་ཞིག་བྲིས་ནས་ཚར་ཡོད། དེ་མི་འགྱངས་བར་ཁྱོད་ཚོས་གཟིགས་ཐུབ་གྱི་རེད། དེ་བས་ཁྱེད་རང་ཚོས་དེར་གཟིགས་ན་མང་པོ་ཞིག་དེ་ནས་ཤེས་ཡོང་གི་རེད། ཅེས་སོགས་གསུངས་སོང་། སུད་སི་དོན་གཅོད་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ནང་གསུངས་དོན། ལྷ་སྲས་སྐུ་ངོ་མཆོག་ཁྱེད་རང་ངོ་མཇལ་ཡོད་མེད་གསལ་བོ་མི་ཤེས་ཀྱང་། ང་རང་རྡ་ལ་ཧོའོ་སུ་རུ་སློབ་གྲྭར་འགྲོ་སྐབས། སྐུ་ངོ་མཆོག་ལ་ཐེངས་མང་པོ་མཇལ་མྱོང་། སྐུ་ངོ་མཆོག་བོད་ཀྱི་རྩ་དོན་ཐོག་ལྷག་བསམ་རྣམ་དག་དང་། སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། སྐུ་ན་ཆུང་ནས་བོད་དོན་ཐད་འགན་ཁུར་བླངས་ཏེ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད། ལྷག་པར་དུ་ཨ་རིའི་གསང་བའི་ལས་ཁང་དང་། རྒྱ་གར། ཡུ་རོབ། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་འབྲེལ་བ་གནང་སྟེ། བོད་དོན་རྒྱལ་སྤྱིའི་སྒང་ལ་སྐྱེལ་བའི་ཕྱག་ལས་དང་པོ་དེ་གནང་ཡོད་པ་རེད་ལ། དེ་བཞིན་ཡབ་གཞིས་སྐུ་འཁོར་ཚང་མས་བོད་ཀྱི་དཀའ་ངལ་ཐད་འགན་རླབས་ཆེན་བཞེས་གནང་བ་སོགས་ནི་ང་ཚོས་བཀའ་དྲིན་རྗེས་དྲན་བྱ་འོས་པ་ཞིག་རེད། ཅེས་སོགས་དང་། གཞན་སུད་སི་དང་ལེཀ་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ནང་སྐུ་ངོ་མཆོག་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་ནང་གསལ་དོན། སྐུ་ངོ་མཆོག་གིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ནི་ང་ཚོས་བཀའ་དྲིན་རྗེས་དྲན་བྱེད་འོས་པ་ཞིག་དང་། ལྷག་དོན་རྒྱལ་སྤྱིའི་ནང་བོད་དོན་ཆེད་ཕྱག་ལས་མང་པོ་གནང་བ་སོགས་ནི་ང་ཚོས་བཀའ་དྲིན་ཞུ་འོས་པ་ཞིག་རེད། ཅེས་སོགས་གསུང་སོང་། 

གཞན་མཛད་སྒོ་འདི་དང་སྟབས་འབྲེལ་མདོ་སྨད་ས་རྒྱུན་གྱི་ངོས་ནས་སུད་སི་ནང་ཡོད་པའི་བོད་པའི་བྱིས་པ་རྣམས་ལ་བོད་སྐད་ཡིག་་ལ་དོ་སྣང་ཡོང་ཆེད། ས་གནས་མདོ་སྨད་ཀྱི་བྱིས་པ་ལོ་༡༦ མན་གྱི་བྱིས་པ་ཚོར་ཕ་སྐད་འགྲན་བསྡུར་ཞིག་སྤེལ་བ་དང་། ཕ་སྐད་འགྲན་བསྡུར་ཁྲོད་ཉམས་ཞུགས་གནང་མཁན་བྱིས་པ་བདུན་གདམས་ཐོན་བྱུང་ཞིང་། འགྲན་ཞུགས་བྱིས་པ་གསུམ་ལ་བཟང་བསྟོད་བྱ་དགའ་ཨང་རིམ་གསུམ་ལ་བགོས་ཏེ་སྤྲད་ཡོད་པ་རེད། ཆུ་ཚོད་༡་༣༠་ཐོག་གཟེངས་རྟགས་མཛད་སྒོ་ཡོངས་སུ་མཇུག་སྒྲིལ་གནང་།  

སུད་སི་མདོ་སྨད་ས་རྒྱུན་སྐབས་བརྒྱད་པའི་ཚོགས་ཆེན་ཐེངས་དང་པོ།  

ཕྱི་ལོ་༢༠༡༣ལོའི་ཟླ ༥ ཚེས༡༩ཉིན་གྱི་ཆུ་ཚོད་གཉིས་པ་དང་ཕྱེད་ཀ་ནས་སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ལོ་གསུམ་རིང་གི་རྩིས་ཁྲ་རྩིས་ལེན་དང་། མི་མང་ལ་ལོ་གསུམ་རིང་གི་ལས་བསྡོམས་སྙན་འབུལ་བཅས་བྱས་རྗེས། སུད་སི་ས་གནས་མདོ་སྨད་རྒྱུན་ལས་སྐབས་དགུ་བའི་རྒྱུན་ལས་གསར་བ་ལྔ་མི་མང་གིས་འོས་འདེམས་བྱས་ཞིང་། ས་རྒྱུན་གསར་བ་རྣམས་ནི་ཧ་ཀ་ཚང་ཚེ་རིང་དབང་རྒྱལ། ཕུར་བུ་མེ་མེ་སོའོ་ཧྥར། མདང་རྩེ་ཚང་བསོད་ནམས་བརྟན་པ། དཀོན་མཆོག་བཀྲ་ཤིས། བློ་བཟང་བཅས་ལྔ་ཡིན་འདུག སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་འདི་བཞིན་ཕྱི་ལོ༡༩༨༦ལོའི་ཟླ ༥ ཚེས་༢༣ ཉིན་དབུ་འཛུགས་གནང་བ་ཞིག་ཡིན་ལ། ཐོག་མར་སྒྲིག་འཛུགས་འདི་ཉིད་གསར་འཛུགས་གནང་མཁན་གྱི་གྲས་སུ་རི་ཀོང་ཆོས་འཁོར་དགོན་གྱི་ཞིང་གཤེགས་མཁན་རིན་པོ་ཆེ་དགེ་འདུན་བཟང་པོ་མཆོག་དང་། གཅོད་པ་ཐར་རིན་ཆེན། གདོང་རྩེ་བསོད་ནམས་བརྟན་པ། བསོད་ནམས་རབ་རྒྱས། ཕྱོགས་དགེ་རྟ་མགྲིན། རིག་བདག་ཚང་ཡི་དམ་བཅས་ཡོད། སུད་སི་མདོ་སྨད་རྒྱུན་ལས་ཁང་འདི་ཉིད་འཛུགས་དགོས་པའི་དམིགས་ཡུལ་ནི། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རླབས་ཆེའི་དབུ་ཁྲིད་འོག  དབུས་མདོ་སྨད་ཆོལ་ཁའི་བཀའ་ཁྱབ་བཞིན་སུད་སིར་གནས་བཞུགས་མདོ་སྨད་པ་ཡོངས་ཀྱིས་བོད་མིའི་ལས་འགན་ལག་ལེན་འཐུས་ཚང་ཡོང་ཆེད་རྒྱབ་སྣོན་བྱ་རྒྱུ་དང་། ༢ སུད་སིར་གནས་བཞུགས་མདོ་སྨད་པ་ཚོས་བོད་ཀྱི་རིགས་གཞུང་སྤྱི་དང་། ལྷག་དོན་མདོ་སྨད་ཡུལ་ལུང་གི་སྲོལ་རྒྱུན་རིག་གནས་རྒྱུན་ཉར་ཐད་འབད་བརྩོན་གནང་རྒྱུ། ༣ བོད་ནས་འདི་ག་སུད་སིར་གཉེན་འཕྲད་དུ་ཕེབས་པའི་མདོ་སྨད་པ་རྣམས་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། ༧གོང་ས་མཆོག་གི་མཛད་འཕྲིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་ངོ་སྤྲོད་བྱ་རྒྱུ་བཅས་ཡིན། ཕྱི་ལོ ༡༩༩༣ ལོའི་ཟླ༤ ཚེས་༢༩ ཉིན་མདོ་སྨད་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཚོགས་པ་འདི་ཉིད་ཚོགས་པའི་ངོ་བོའི་ཐོག་སུད་སི་གཞུང་གི་ཁྲིམས་ལུགས་ལྟར་དེབ་སྐྱེལ་བྱས། སུད་སི་མདོ་སྨད་རྒྱུན་ལས་ཁང་འདི་ཉིད་ཕྱི་ལོ༢༠༡༠ ལོའི་སྔོན་ཚུད་ལ་སུད་སི་མདོ་སྨད་སྒྲིག་འཛུགས་ཞེས་སུ་འབོད་ཀྱང་། ཕྱི་ལོ་༢༠༡༠ ལོའི་ཟླ་༦་ཚེས་༢༩ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སུད་ཆིབས་བསྒྱུར་སྐབས།  ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ས་རྒྱུན་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དང་པོའི་ནང་སྒྲིག་འཛུགས་འདི་ཉིད་ཀྱི་མིང་ལ་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཞེས་སུ་བཅོས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།